རང་ཉིད་ལ་འདོད་མོས་ཡོད་པའི་བཀའ་བློན་ཁྲི་པའི་འོས་གཞི།

འབུམ་རམས་པ་དཀོན་མཆོག་བརྩོན་འགྲུས་ལགས་ནི། རྒྱ་གར་ནས་ཞིབ་འཇུག་སློབ་མཐར་ ཕྱིན་པ་དང༌། རྗར་མ་ནི་རུ་བསྐྱོད་ནས་ལོ་བདུན་གྱི་རིང་སློབ་གཉེར་གནང་ནས་འབུམ་རམས་པའམ། མཁས་དབང་གི་ཕྱག་འཁྱེར་བཞེས། སློབ་མཐར་ཕྱིན་རྗེས་ནུབ་ཕྱོགས་ཀྱི་དཔལ་འབྱོར་དང་ཁེ་ཕན་ལ་དབུ་མ་འཁོར་བར་རྒྱ་གར་དུ་ཡོང་ནས་བོད་ཁྱིམ་སློབ་གྲྭའི་དགེ་རྒན་གྱི་པྱག་ལས་ཀྱང་གནང༌། དེ་བཞིན་ལོ་གཉིས་རིང་བོད་དུ་ཕེབས་ནས་བོད་ལྗོངས་སློབ་གྲྭ་ཆེན་མོར་དབྱིན་ཡིག་ ཟུར་ཁྲིད་དང༌། ཞོར་དུ་བོད་ས་སྟོད་སྨད་བར་གསུམ་དུ་བསྐྱོད་ནས་ཞིབ་འཇུག་བྱས། ཕྱིར་རྒྱ་གར་དུ་འབྱོར་ནས་གཞུང་ཞབས་པའི་ཁོངས་སུ་འཛུལ་ཞུགས་ཀྱིས་མཐུན་རྐྱེན་དང་གོ་གནས་ལ་མ་ལྟོས་པར་ཕྱག་ལས་གནང་ནས་ལོ་བཅུ་ལྷག་སོང་ཞིང་། ད་ལྟའི་ཆར་གནས་རིམ་གྱི་ཆ་ནས་དྲུང་འཕར་དང་འགན་ཁུར་གྱི་ཆ་ནས་བོད་གཞུང་འཆར་འགོད་ལས་ཁུངས་ཀྱི་སྤྱི་ཁྱབ་འཆར་འགོད་འགན་འཛིན་གྱི་ཕྱག་ལས་གནང་བཞིན་ཡོད་པ་རེད། ཁོང་ལ་མཚོན་ན་རང་ཉིད་ཀྱི་ཁེ་ཕན་བློས་བཏང་ནས་བོད་གཞུང་གི་ཞབས་འདེབས་ཞུ་མཁན་ ཞིག་ཡིན་པ་དང༌། བོད་ཡིག་དང་དབྱིན་ཡིག རྒྱ་གར་གྱི་སྐད་ཡིག ལྷག་པར་དུ་རྗར་མི་ནའི་སྐད་ཡིག་བཅས་ལ་བྱང་ཆུབ་པའི་མི་སྣ་ཞིག་ཡིན་པ་མ་ཟད། ད་ལྟའི་ཆར་བོད་གཞུང་གི་ཡན་ལག་དང་བཅས་པའི་འཆར་གཞི་ཚང་མ་མཐར་ཁོང་གི་ཕྱག་ཏུ་འགྲོ་དགོས་པ་སོགས་འཛིན་སྐྱོང་དང་སྤྱི་ཚོགས་ཀྱི་ཉམས་མྱོང་ཡང་ཆེན་པོ་ཡོད་པའི་མི་སྣ་ཞིག་རེད། ཨ་རིའི་ཚོགས་སྡེ་ཁག་ཅིག་གིས་ཆེད་དུ་གདན་འདྲེན་ཞུས་ཀྱང་ཕེབས་མེད་པའི་གནས་ཚུལ་ཡང་བྱུང་ཡོད།

འབུམ་རམས་པ་བློ་བཟང་སེང་གེ་ལགས་ནི། རྒྱ་གར་དུ་མཐོ་སློབ་ཐོན་པ་དང་གཞོན་ནུའི་ས་གནས་དང་དབུས་རྒྱུན་གྱི་ཕྱག་ལས་གནང་ཞིང༌། ཨ་རིའི་ཧར་ཝ་ཌིའི་གཙུག་ལག་སློབ་གྲྭ་ཆེན་མོར་འཛུལ་ཞུགས་ཀྱིས་འབུམ་རམས་པའི་ ཕྱག་འཁྱེར་བཞེས། ཁོང་གིས་ད་ལྟའི་ཆར་ཨ་རིས་གཙོས་ཆབ་སྲིད་མི་སྣ་གང་མང་དང་མཉམ་དུ་བགྲོ་གླེང་གིས་བོད་དོན་ངོ་སྤྲོད་དང༌། མཐོ་སློབ་དང་ཚོགས་འདུ་གང་མང་དུ་ཕེབས་ནས་བོད་དོན་ངོ་སྤྲོད་སོགས་ཀྱི་པྱག་ལས་གནང་བཞིན་པ་མ་ཟད། རྒྱ་ནག་གི་མཐོ་སློབ་ཁག་ཅིག་ཏུའང་ཕེབས་ནས་ཀྱང་གསུང་བཤད་གནང་ཡོད་པ་རེད། དེ་བཞིན་ཨེ་ཤ་ཡའི་ནང་ནས་མིག་དཔེར་འོས་པའི་ན་གཞོན་དབུ་ཁྲིད་ཀྱི་ནང་དུའང་འདེམས་ཐོན་བྱུང་ཡོད།

འབུམ་རམས་པ་ངག་དབང་རབ་རྒྱས་ལགས་ནི། རྒྱ་གར་དུ་མཐོ་སློབ་ཐོན་པ་དང་ཕྱིས་སུ་ཨུ་རུ་སུར་བསྐྱོད་ནས་འབུམ་རམས་པའི་སློབ་གཉེར་གནང༌། དེ་བཞིན་རུ་སོག་སྐུ་ཚབ་དོན་གཅོད་དང༌། ཨ་རིའི་སྐུ་ཚབ་དོན་གཅོད། བོད་གཞུང་དྲིལ་བསྒྲགས་ལས་ཁུངས་བཅས་སུ་ཕྱག་ལས་གནང་ཡོད་པ་མ་ཟད། ད་ལྟའི་ཆར་ཡང་རུ་སོག་སྐུ་ཚབ་དོན་གཅོད་ཀྱི་ཕྱག་ལས་གནང་བཞིན་པ་རེད། ཁོང་ལ་མཚོན་ནའང་བོད་དབྱིན་ཧིན་གསུམ་ལ་མཁས་པ་མ་ཟད། གཙོ་ཆེར་ཨུ་རུ་སུའི་སྐད་ཡིག་ལའང་ཧ་ཅང་མཁས་པའི་མི་སྣ་ཞིག་ཡིན་པ་དང༌། ད་ལྟའི་ཆར་བོད་གཞུང་གི་དྲུང་ཆེ་ལས་འཆར་གྱི་གནས་རིམ་དུ་སླེབས་ཟིན་པ་རེད།

ངས་འདིར་མཁས་དབང་གི་མཚན་གནས་ཡོད་པ་གསུམ་བཀའ་ཁྲིའི་འོས་གཞི་རུ་ངོ་སྤྲོད་ བྱེད་དགོས་དོན་ནི། ད་ལྟའི་ཆར་བཙན་བྱོལ་བོད་གཞུང་གི་མཛད་གཙོ་ཁག་ལ་མཚོན་ན་འཇོན་ཐང་དང་ནུས་པ་ཡོད་པ་ཙམ་མ་ཡིན་པར། རྒྱལ་སྤྱིའི་ཐོག་གི་མི་སྣ་སུ་ཞིག་དང་ཐུག་འཕྲད་གནང་ཡང་ངོ་གནོངས་མི་དགོས་པར་སློབ་སྦྱོང་གི་སྤོབས་པ་ཡོད་དགོས་པ་དེ་ཡང་གལ་ཆེན་པོ་རེད། དེར་བརྟེན་ཁོང་གསུམ་ལ་མཚོན་ན་ག་འདྲ་འདུག མཁས་དབང་གི་མཚན་གནས་ཡོད་པ་ཙམ་གྱིས་མི་ཕན་པར་བཙན་བྱོལ་བོད་གཞུང་གི་ལས་དོན་ལ་རྒྱུས་མངའ་དགོས་པ་དེ་ཡང་གལ་ཆེན་པོ་རེད། ངས་བལྟས་ན་ཁོང་རྣམས་ལས་སུ་བཀའ་ཁྲིར་འོས་འདེམས་བྱུང་ཡང་འོས་ཤིང་འཚམས་པ་ཞིག་ཏུ་མཐོང་གི་འདུག