ཞིང་བྲན་ཁྲི་ཚོ་བརྒྱ་ལ་བཅིངས་འགྲོལ་ཟེར་བར་ངོ་རྒོལ།

    ཟླ་འདིའི་ཚེས་༢༨ ཉིན་བོད་ཀྱི་རྒྱལ་ས་ལྷ་སར་བོད་རང་སྐྱོང་ལྗོངས་ཟེར་བའི་ཁོངས་གཏོགས་གཅིག་པུར་ཞིང་བྲན་ཁྲི་ཚོ་བརྒྱ་ལ་བཅིངས་འགྲོལ་བཏང་ནས་མི་ལོ་༥༠ འཁོར་བ་དང༌། བོད་ལ་དམངས་གཙོའི་བཅོས་བསྒྱུར་བྱས་ནས་མི་ལོ་༥༠ འཁོར་བ་ཞེས་པའི་དུས་དྲན་སྲུང་བརྩི་བྱས་ཡོད་པ་དང༌། རྒྱ་གཞུང་གི་བཙན་བཀའི་འོག་ཏུ་ཞིང་འབྲོག་མང་ཚོགས་འགར་གཟབ་འཕྱོར་སྤྲས་བཅུག་ནས་དགའ་དགའ་སྤྲོ་སྤྲོ་ཡོད་མདོག་གི་རྣམ་འགྱུར་བསྟན་ཡོད་ཀྱང༌།མཛད་སྒོ་དེར་ཡོང་བའི་མི་མང་རྣམས་ཀྱི་ཕྱོགས་བཞི་མཚམས་བརྒྱད་དུ་ལག་ཏུ་དྲག་པོའི་མཚོན་ཆ་ཐོགས་པའི་རྒྱ་དམག་མང་པོས་བསྐོར་ནས་ཧ་ཅང་གདུག་རྩུབ་དང༌། བག་ཟོན་གྱི་རྣམ་པ་ཞིག་གི་འོག་ནས་འཚོགས་ཡོད་པ་རེད། ཉིན་མོ་དེ་དང་བསྟུན་ནས་དྷ་རམ་ས་ལར་ཡོད་པའི་བོད་ཀྱི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་གོ་སྒྲིག་འོག་མེ་གྷན་རླངས་འཁོར་བབས་ཚུགས་ནས་དྷ་རིའི་བར་མི་མང་གིས་རྒྱ་ནག་ལ་ངོ་རྒོལ་སྐད་འབོད་ཀྱི་རྔམ་སྟོན་ཁྲོམ་སྐོར་ཞིག་བྱས་ཡོད་པ་དང༌། ཁྲོམ་སྐོར་མཇུག་བསྡོམས་གསུང་བཤད་གནང་མཁན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གིས་གསུང་དོན། བོད་ནང་གི་ལས་འགུལ་སྤེལ་མཁན་ཚོས་རང་སྲོག་བློས་གཏོང་བྱས་པ་དེ་སྐབས་རེ་རྒྱལ་སྤྱིའི་སྤྱི་ཚོགས་ནང་ཁྱབ་མ་ཐུབ་པ་དེ་འདྲ་ཡོང་སྲིད་པ་རེད། དེར་བརྟེན་ཚེ་སྲོག་བློས་གཏོང་བྱས་པ་དེ་འཕྲོ་བརླག་གི་བཟོ་འདྲ་པོ་མི་ཆགས་པའི་ངེས་པ་ཡོད་མ་རེད། ལས་འགུལ་གང་ཞིག་སྤེལ་ཡང་འཚེ་བ་མེད་པའི་ཐོག་ནས་སྤེལ་བ་དང༌། ཆིག་སྒྲིལ་དང་མཉམ་རུབ་ཀྱི་ཐོག་ནས་ལས་འགུལ་སྤེལ་བ་ཡིན་ན་དེ་ང་ཚོའི་གཟི་བརྗིད་ཅིག་དང་སྟོབས་ཤིག་རེད། བོད་ནང་ལ་ཡོད་པའི་བོད་མི་ཚོས་མཚམས་རེ་ལས་འགུལ་སྤེལ་སྟངས་ཐད་ཤེལ་དམ་ནང་དུ་ས་སྣུམ་བླུགས་ནས་དེ་ལ་མེ་སྤར་ནས་གཡུག་དུས་མིང་ལ་འབར་རྫས་ཞེས་རྒྱ་ནག་གིས་རྒྱལ་སྤྱིའི་ནང་བེད་སྤྱོད་གཏོང་གི་ཡོད་རེད། མ་གཞི་དེ་ལ་ནུས་པ་གང་ཡང་ཡོད་མ་རེད། རྣམ་འགྱུར་བསྟན་པ་ཙམ་རེད་དེ། འབར་རྫས་ལབ་དུས་རང་བཞིན་གྱིས་དྲག་པོའི་རྣམ་འགྱུར་ཞིག་ཐོན་ཡོང་དུས་རྒྱ་མི་ལ་དགོས་པའི་ལག་ཆ་ཞིག་ཆགས་ཀྱི་ཡོད་རེད། རྒྱ་མི་ལ་དགོས་པའི་ལག་ཆ་དེ་ང་ཚོས་མི་ཆགས་པ་བཟོ་དགོས་པ་དེ་གནད་འགག་ཆེན་པོ་རེད། མ་འོངས་པར་ལས་འགུལ་སྤེལ་སྐབས་མེག་ལོར་གྷན་ཇི་ནས་དྷ་རིའི་བར་གོམ་པ་བརྒྱབ་ནས་ཡོང་དགོས་པའི་གནས་སྟངས་མང་པོ་ཆགས་སྲིད་པ་རེད། འོན་ཀྱང་བོད་ནང་གི་བོད་མི་ཚོའི་དཀའ་སྡུག་དང་བསྡུར་བ་ཡིན་ན་གང་ཡང་མ་རེད། དེར་བརྟེན་བོད་མི་གང་མང་གིས་ཆིག་སྒྲིལ་དང་རྒྱབ་སྐྱོར་ཡོད་པའི་རྣམ་པ་ཐོན་དགོས་པ་དེ་གལ་ཆེན་པོ་ཆགས་བསྡད་ཡོད་རེད།  དྷ་རམ་ས་ལའི་མི་འབོར་དང་བསྡུར་བ་ཡིན་ན་དེ་རིང་མི་ཉུང་ཉུང་རེད་ཅེས་གསུངས་པ་དང༌། དགུ་བཅུ་གསུམ་ཚོགས་གཙོ་ངག་དབང་འོད་འབར་ལགས་ཀྱིས་གསུང་དོན། བོད་ནང་དུ་རྒྱ་ནག་གིས་བཙན་འཛུལ་བྱས་ནས་རང་བྱུང་ཁོར་ཡུག་ལ་གནོད་སྐྱོན་ཚབས་ཆེན་བཟོས་ཡོད་པ་དང༌། ཁོང་ཚོས་བོད་ནང་དུ་འཛུགས་སྐྲུན་བྱས་ཡོད་ཟེར་གྱི་ཡོད་རེད། གློག་བཟོས་ཡོད། ལམ་བཟོས་ཡོད་ཟེར་གྱི་ཡོད་རེད། འོན་ཀྱང་གཏེར་ཁ་གང་དུ་ཡོད་པ་དང༌། ཤིང་ནགས་གང་དུ་ཡོད་པ་དེར་གློག་དང་ལམ་ཁ་ཡོད་རེད། འཛུགས་སྐྲུན་བྱས་པའི་ཁང་པའི་ནང་དུ་བོད་མི་ལས་རྒྱ་མི་མང་བ་ཡོད་རེད། རྒྱ་མི་དང་པོ་བོད་དུ་ཡོང་དུས་ཉལ་ཆས་ཐེབས་ཆགས་ཤིག་དང༌། ཁྲུས་ཆས་ཙག་ཙིག་མ་གཏོགས་འཁྱེར་རྒྱུ་ཡོད་མ་རེད། མང་ཆེ་བ་དེ་འདྲ་ཞིག་བྱས་ནས་ཡོང་གི་ཡོད་རེད། མར་ལོག་འགྲོ་དུས་སྒམ་དང་སྒམ་བྱས་ནས་དབོར་འགྲོ་ཡི་ཡོད་རེད། དེ་དག་མི་སྒེར་རེད། རྒྱ་ནག་གཞུང་གིས་ག་ཚོད་དབོར་གྱི་ཡོད་རེད། ག་ཚོད་སྤྲད་པ་ཡིན་ལབ་ཀྱང༌། བོད་ནས་མར་དབོར་བའི་གསེར་དངུལ་རིན་ཆེན་གྱི་རིན་འབབ་ཀྱི་ཕྱེད་ཀ་ཡང་ལོང་གི་ཡོད་མ་རེད། དེའི་ཐོག་ནས་ང་ཚོས་ངོ་སོ་ཁུར་དགོས་དོན་ཡོད་མ་རེད། དེ་རིང་ང་ཚོས་སྤོབས་པ་དང་ལྡན་པའི་ཐོག་ནས་རྒྱ་ནག་གཞུང་གིས་ཡར་ལངས་ཞིང་བྲན་ཁྲི་ཚོ་བརྒྱ་ལ་འོད་ཟེར་ལྡན་པའི་ལམ་སྤྲད་ཡོད། དེ་ནས་བཟུང་སྟེ་རང་དབང་དང༌། དམངས་གཙོ། འགྲོ་བ་མིའི་ཐོབ་ཐང་ཐོབ་པ་རེད་ཟེར་བ་དེར་རྩ་བ་ཉིད་ནས་ཁས་ལེན་བྱེད་ཀྱི་མིན་ཞེས་མཐའ་གཅིག་ཏུ་ཞུ་རྒྱུ་ཡིན་ཞེས་གསུངས་སོང༌།
    ཉིན་དེའི་རྔམ་སྟོན་ཁྲོམ་སྐོར་དབུས་བོད་ཀྱི་བུད་མེད་ལྷན་ཚོགས་དང༌། དགུ་བཅུ་གསུམ་ལས་འགུལ་ཚོགས་པ། རྒྱལ་ཡོངས་མང་གཙོ་ཚོགས་པ། བོད་རང་བཙན་སློབ་ཕྲུག་ཚོགས་པ། རྡ་ས་ས་གནས་གཞོན་ནུ་ལྷན་ཚོགས། ས་གནས་བུད་མེད་ལྷན་ཚོགས་བཅས་ཀྱིས་གོ་སྒྲིག་བྱས་པ་ཞིག་རེད་འདུག།