སློབ་དཔོན་རིན་པོ་ཆེའི་སྐྱོ་ཉམས།
ཡིན་ཡང་མི་མང་དང་དགེ་འདུན་པ་ཚང་མའི་མཐོང་སྣང་དུ་གཅིག་གྱུར་ཞིག་ཤར་བ་ནི་གུ་རུའི་ཞལ་མདངས་ནག་པོ་དང་སྐྱོ་ཉམས་ཀྱིས་བཞུགས་པ་དང་སྤྱན་མདངས་དམར་པོར་གྱུར་པ་དེ་རེད། དེ་ནི་གུ་རུའི་སྐུ་དེ་རང་གི་འདྲ་པར་སྔོན་མ་དང་བསྡུར་ན་གསལ་བོ་མཐོང་ཐུབ་པ་ཞིག་རེད་ཟེར། ཚེས་༣༠ ཉིན་ཕྱི་དྲོ་ཆུ་ཚོད་༣ པ་ཡོར་རྗེས་མི་མང་གི་རེ་བ་ལྟར་སླར་ཡང་མཆོད་མཇལ་ལ་བཏང་བ་དང༌། སྐུ་གཉེར་ཚོས་འགྲེལ་བརྗོད་བྱས་པ་ལྟར་ན་མདང་དགོང་ནང་བཞིན་གུ་རུའི་ཞལ་མདངས་ཧ་ཅང་སྐྱོ་ཉམས་དོད་པོ་རང་མི་འདུག་མོད་སྤྱན་རས་གཡས་པ་ད་དུང་ཡང་དམར་པོ་ཆེན་པོ་རེད་འདུག་ཅེས་འགྲེལ་བརྗོད་གནང་སོང༌། དགོན་པའི་ལས་བྱེད་རྒན་པ་ཚོས་སྐུ་འདྲ་དེ་དག་ནི་དགོན་པ་སྦྱང་བའི་སྐུ་འདྲ་ཆེས་སྔོན་མ་དག་རེད། དེ་དག་ལ་རིས་སུ་མ་ཆད་པའི་སྐྱེས་བུ་དམ་པ་མང་པོས་བྱིན་གྱིས་བརླབས་ཤིང་རབ་གནས་མཛད་པའི་ལྷ་སྐུ་བྱིན་ཅན་ཁོ་ན་ཡིན་པ་རེད་ཅེས་བརྗོད་སོང༌། མི་མང་དང་དགེ་འདུན་པ་ཚོས་འདི་ནི་སྐྱབས་རྗེ་གྲུབ་དབང་རིན་པོ་ཆེའི་འདས་རྟགས་ངོ་མཚར་ཅན་ཞིག་ལ་ངོས་འཛིན་གྱིས་ཕྱག་འཚལ། སྐོར་བ་བྱས་ཤིང་སྨོན་ལམ་རྒྱག་ཕྱིར་འཚང་ཁ་བྱེད་ཀྱི་འདུག ད་དུང་སྐྱབས་རྗེ་གྲུབ་དབང་རིན་པོ་ཆེ་དགོངས་པ་རྫོགས་པའི་སྔ་གཞུག་ཀུན་ཏུ་དགོན་པར་ངོ་མཚར་བའི་འཇའ་ཤར་བ་དང༌། གཟིམ་ཤག་གང་སར་དྲི་བཟང་གིས་ཁྱབ་པ་སོགས་འདས་རྟགས་ངོ་མཚར་བ་མང་པོ་བྱུང་ཡོད་པ་ཡང་ཀུན་གྱིས་མཐོང་སྣང་དུ་གཅིག་གྱུར་བྱུང་ཡོད་པ་རེད། མེ་སོར་གསར་འགོད་པ་བཀྲ་ཤིས་བདེ་ལེགས་ཀྱིས།