བོད་དོན་སེལ་ཐུབ་མིན་རྒྱ་བོད་མི་རིགས་ལ་ཐུག་ཡོད།
བོང་བུའི་ཨ་མཆོག་ལ་གསེར་བླུགས་པའི་དཔེ་རུ་མ་སོང་བར་མིང་དོན་མཚུངས་པའི་རང་སྲིད་རང་སྐྱོང་གི་གནས་བབས་ལ་གོ་རྟོགས་མཐིལ་ཕྱིན་དང༌། ངེས་འདྲོངས་གསར་རྙེད་བྱུང་བ་མཚོན་པས་དགའ་འོས་པ་ཞིག་རེད་ལ། འབྲེལ་མོལ་ཐེངས་བརྒྱད་པའི་སྐབས་ཀྱི་གྲུབ་འབྲས་ཆུང་ངུ་ཞིག་ལའང་བརྩི་ཆོག་སྙམ། འོན་ཀྱང་ཉམས་སྣང་བྱ་དགོས་པ་ཞིག་ནི། ད་དུང་ཁོས། ¿ཁོང་ཚོའི་དམིགས་ཡུལ་གཙོ་བོ་རྒྱ་ནག་གི་དམག་དཔུང་རྣམས་མཐར་སྐྲོད་གཏོང་ཐབས་ཡིན་རུང་བོད་ཀྱི་ས་ཆར་ཡུན་རིང་གནས་སྡོད་བྱས་པའི་བོད་མི་མ་ཡིན་པ་ཚོས་འཐབ་རྩོད་འདི་ལ་ནམ་ཡང་ངོས་ལེན་བྱེད་ཐབས་མེད་¿ཅེས་བཤད་ཡོད་པ་ལས། བོད་སྡོད་རྒྱ་རིགས་ཚོར་ཅི་ཞིག་བྱ་དགོས་པའི་སྐུལ་ལྕག་གཏོང་བཞིན་མི་འདུག་གམ། རྒྱ་གཞུང་གིས་ནམ་ཡང་བོད་རྒྱ་མི་རིགས་དབར་འགལ་ཟླ་སློང་གཞིའི་ཆབ་སྲིད་ལག་ཆ་འདྲ་མིན་བཀོལ་སྤྱོད་བྱེད་བཞིན་པ་འདིས་བོད་ཀྱི་གནད་དོན་སེལ་ཐུབ་མིན་རྒྱ་ནག་དཔོན་རིགས་ཚོར་རག་ལས་པ་མིན་པར་རྒྱ་རིགས་མི་དམངས་ལ་རག་ལས་པ་མཚོན་ཡོད། དེར་བརྟེན་རྒྱ་བོད་མི་རིགས་དབར་དཀྱིལ་ཡངས་ཀྱི་ལྟ་བས་མཛའ་མཐུན་འབྲེལ་བ་འཛུགས་ཐུབ་མིན་ནི་གནད་དོན་ཐག་གཅོད་ཡོང་མིན་གྱི་ཚད་གཞི་ཉག་ཅིག་ཏུ་འཁུམས། དོན་གྱི་དབང་འདི་གཟིགས་ནས། ྋགོང་ས་ཆེན་པོས་ཀྱང༌། རྡོ་དོན་སྙིང་པོ་བོད་ཀྱི་དཀའ་རྙོག་འདི་བོད་དང་རྒྱ་ནག་གཉིས་ཀྱི་མི་དམངས་ནས་སེལ་ཐབས་བྱ་དགོས་པ་ཞིག་ཡིན་ཞེས་གསུངས་ཡོད།
སྔ་ལོར་རྒྱ་གཞུང་གིས་ནུབ་གླིང་ཁུལ་དུ་གནས་པའི་རྒྱ་རིགས་གཞོན་སྐྱེས་ཚོར་རྟིང་སྐུལ་གྱིས་ྋགོང་ས་མཆོག་དང་བོད་དོན་ལས་འགུལ་བ་ཚོར་ངོ་རྒོལ་གྱིས་ཕྱོགས་གཉིས་འགལ་ཟླའི་རང་བཞིན་གྱི་ཕུང་པོར་གྱུར་ཡོད་ཀྱང༌། བོད་མི་མི་རེ་ངོ་རེའི་དཀྱེལ་ཡངས་ཀྱིས་བསམ་གཞིག་དང་ཡང་དག་པའི་གཞུང་གི་མཛད་ཕྱོགས་ལས། ཁད་ཀྱིས་ཁོ་པ་ཚོ་རྟོགས་སད་ཀྱིས་ང་ཚོའི་མཐུན་གྲོགས་སུ་འགྱུར་ཐུབ་པ་བྱུང་བས། ད་ཆ་རྒྱ་གཞུང་གི་སྒེར་སེམས་རིང་ལུགས་ཀྱི་མཐུན་སྒྲིལ་རྩ་གཏོར་དང་རང་ཁེ་སྤྱི་གནོད་བཅས་ངན་དགུ་ཚང་བའི་སྲིད་བྱུས་ཀྱི་མདུང་རྩེ་བོད་ནང་དུ་གཏད་དེ། བོད་སྡོད་རྒྱ་རིགས་དང་ང་ཚོའི་དབར་འགལ་ཟླའི་མེ་དཔུང་སྤར་འདོད་པ་རེད། འགལ་ཟླ་ལྟག་རྒྱབ་ན་བསྐུངས་པའི་གནད་དོན་ནི་སྒེར་སྤྱོད་རིང་ལུགས་ཀྱི་སྲིད་དབང་སྲ་བརྟན་ཡོང་བའི་སྟོང་བསམ་གྱི་རྨི་ལམ་འདི་རེད། དོན་ངོ་མའི་ཆ་ནས་ཀྱང༌། བོད་སྡོད་རྒྱ་རིགས་ཀྱིས་བཟོས་པའི་དཀའ་ངལ་ནི་གཡོལ་ཐབས་མེད་པར་ང་ཚོའི་མགོ་ཐོག་ཏུ་ལྷུང་རྒྱུ་ཡིན་པ་ཟུར་བལྟས་ལེབ་མཐོང་རེད། འབྱུང་འགྱུར་གྱི་ལོ་འགའི་ནང་བོད་དོན་བདེན་མཐའ་སེལ་མ་ཐུབ་ཚེ་རང་སྲིད་རང་སྐྱོང་གི་གནས་བབས་རྩོད་རྒྱུ་ལྟ་ཅི། ད་ཡོད་འདུག་གནས་དག་ཀྱང་བདག་དབང་མེད་པར་འགྱུར་སྲིད་ལ། ྋགོང་ས་མཆོག་གིས་གཙོས་པའི་མི་རིགས་དོ་ཁུར་བ་འགས་ལོ་བཅུ་བཅོ་ལྔའི་མཚམས་སུ་རེ་བ་མེད་པའི་བསྡོམས་ཚིག་འགོད་བཞིན་པ་འདི་ལས་ས་རིས་ཐང་གསལ་ཆགས་ཐུབ། དེ་ན་དཀའ་ངལ་འདིའི་ཐོག་ཏུ་མ་ལྷུང་གོང་དགུན་གྱི་ཁུ་བྱུག་གི་རྟུལ་ཞུགས་བཟུང་སྟེ་མི་འདུག་པར། བྱ་ཕོ་ཡིན་ན་བྱ་སྐད་རྒྱག་རན་པ་དང༌། བྱ་མོ་ཡིན་ན་སྒོ་ང་གཏོང་དགོས་པའི་དུས་སུ་བབས་ཡོད། རྒྱ་གཞུང་གིས་བོད་སྡོད་རྒྱ་རིགས་དག་ཆབ་སྲིད་ཀྱི་ལག་ཆར་སྤྱོད་འདོད་པ་འདི་ལ་མཉམ་འཇོག་གིས་རྒྱ་རིགས་སྤྱི་དང༌། ལྷག་པར་བོད་སྡོད་རྒྱ་རིགས་དང་བོད་མིའི་དབར་འགལ་ཟླར་མི་འགྱུར་སླད། ང་ཚོས་ཐབས་ལམ་གང་ཞིག་འཚོལ་དགོས་མིན་གྱི་གྲོས་བསྡུར་མཐིལ་ཕྱིན་བྱུང་འཕྲལ་ལག་བསྟར་རྒྱུན་འཁྱོངས་ཡོང་རྒྱུར་རྒྱུ་ཤུགས་དང་མི་ཤུགས་གཉིས་ཀའི་མཐུན་རྐྱེན་སྦྱོར་དགོས་པ་འཆར་གཞི་ལྟར་དོན་འཁྱོལ་ཡོང་མིན་གྱི་གནད་དམ་པར་སོང༌། ཆུ་མ་ཤོར་གོང་རགས་རྒྱག་དགོས་པ་སུམ་གཉིས་ལ་དབང་བསྒྱུར་མྱོང་བའི་སྲིན་པོ་གདོང་དམར་བའི་བུ་རབས་ཚ་རྒྱུད་དུ་གཏོགས་པར་ཁས་འཆེ་བ་ང་ཚོས་མ་བསྒྲུབ་ན་མི་རུང་བའི་མིག་སྔའི་འགན་འཁྲི་རྣལ་མ་ཞིག་གོ །