ནང་པས་བདག་མེད་འདོད་ཚུལ།
དེ་བཞིན་ང་ཡི་ལུས་ཞེས་སེམས་ཀྱིས་བདག་པོ་བརྒྱབ་ནས་ངའི་ལུས་ལ་གཅེས་སྤྲས་བྱེད་པ་ལྟ་བུ། དཔེར་ན། པུས་མོ་ན་ཡི་ཡོད་ན་ངའི་ལུས་ཀྱི་ཆ་ཤས་པུས་མོ་ན་བར་མ་བཟོད་ནས་ངའི་ལུས་ཀྱི་ཆ་ཤས་ལག་པ་གཉིས་ཀྱིས་རོགས་བྱས་ནས་ཕུར་མཉེད་གཏོང་བསྡད་པ་ཡོང་གི་འདུག་གཱ བྱས་ཙང་ང་དེ་བཀའ་གཏོང་མཁན་གྱི་རྗེ་བོ་ལྟ་བུ། ལུས་སེམས་གཉིས་དེ་ཁུར་པོ་ལྟ་བུ་དེ་འདྲ་ཞིག་ང་ཚོའི་བློ་ལ་ཤར་གྱི་འདུག་གཱ དེ་འདྲའི་བློ་ལ་ཤར་བ་ནང་བཞིན་རྗེ་བོ་ལྟ་བུའི་ང་དེ་ཁུར་པོ་ལྟ་བུའི་ཕུང་པོ་ལ་མ་བརྟེན་པའི་རང་སྐྱ་བ་ཞིག་བློ་ལ་ཤར་གྱི་ཡོད་རེད། དེ་འདྲའི་ང་དེ་ཡོད་མ་རེད་ཅེས་པ་རེད། གང་ཟག་གི་བདག་མེད་ཅེས་པ་དེ་ལ་བཤད་ཀྱི་ཡོད་རེད། གང་ཟག་གི་བདག་མེད་རགས་པ་དེ་ལྟར་བཤད་ཀྱི་ཡོད་རེད། གང་ཟག་གི་བདག་མེད་ཕྲ་མོ་དེ་ཏོག་ཙམ་མི་འདྲ་བ་ཡོད་རེད། རགས་པ་དེ་རྟག་གཅིག་རང་དབང་བའི་བདག་ཡོད་མ་རེད། ཡིན་ན་ཡང་ང་རང་ཚོའི་བློ་ལྷན་སྐྱེས་ལ་ངའོ་སྙམ་པའི་བློ་ཤར་བའི་གནས་སྐབས་ལ་རྟག་པ་གཅིག་པུ་རང་སྐྱ་བའི་ཁྱད་པར་དུ་ཕྱེ་ནས་བློ་ལ་ཤར་གྱི་མི་འདུག་གཱ དེ་འདྲ་ཡིན་དུས་རྟག་གཅིག་རང་དབང་བའི་བདག་ཏུ་འཛིན་པའི་བློ་དེ་རྒྱུ་འབྲས་བཏགས་བཞག་པའི་བློ་རེད་མ་གཏོགས། བློ་ལྷན་སྐྱེས་ལ་བྱུང་བ་ཞིག་མ་རེད་ཟེར་བ་རེད། དེར་བརྟེན་རྟག་གཅིག་རང་དབང་བ་འཛིན་པའི་བདག་འཛིན་དེ་འཛིན་པ་ཀུན་བཏགས་རེད་མ་གཏོགས། འཛིན་པ་ལྷན་སྐྱེས་མ་རེད། འཛིན་པ་ལྷན་སྐྱེས་ག་རེ་རེད་ལབ་ན། བདག་དེ་རྗེ་བོ་ལྟ་བུ། ཁུར་པོ་ལྟ་བུའི་ཕུང་པོ་ལ་དབང་བསྒྱུར་མཁན། རྗེ་བོ་དེ་ཁུར་པོ་ལ་མི་ལྟོས་པ་ནང་བཞིན་བདག་དེ་ཕུང་པོ་ལ་མི་ལྟོས་པའི་རང་སྐྱ་བ་ནང་བཞིན་ལྟ་སྡོད་མཁན་གྱི་བློ་ཞིག་ཡོད་རེད། དེ་འདྲའི་བློ་དེ་དོན་ལ་གནས་པ་ཞིག་མ་རེད། དོན་ལ་ཕྱིན་ཅི་ལོག་པ་རེད། ཕྱིན་ཅི་ལོག་པའི་བློ་ཞིག་རེད། དེའི་འཛིན་པ་དེ་བདག་འཛིན་གྱི་འཛིན་པ། ཕྱིན་ཅི་ལོག་པའི་བློ། འཛིན་པ་ལྷན་སྐྱེས་རེད། དེ་ལྟར་དབྱེ་བ་ཕྱེ་ཡི་འདུག་གཱ བདག་མེད་བསམ་བློ་ཤུགས་ཆེན་པོ་གཏོང་ས་དེ་རྟག་གཅིག་རང་དབང་བའི་བདག་བཀག་པ་ཙམ་མ་ཡིན་པར། རྟག་གཅིག་རང་དབང་བའི་བདག་མེད་པ་ཙམ་དུ་མ་ཟད། ཕུང་པོ་ལ་དབང་སྒྱུར་མཁན་གྱི་རྗེ་བོ་ལྟ་བུའི་བདག་རང་སྐྱ་བ་ཞིག་མེད་པ་ཐག་བཅད་ནས་རང་སྐྱ་བ་མེད་པར་བལྟ་བའི་ལྟ་བ་དེ། བདག་མེད་ཀྱི་ལྟ་བ་ཞེས་བཤད་བསྡད་པ་དེ་རེད། དེ་ནང་པས་ཆོས་ཐམས་ཅད་སྟོང་ཞིང་བདག་མེད་པ་ཞེས་པའི་བདག་མེད་ཀྱི་བསམ་བློ་གཏོང་ས་གཙོ་བོ་དེ་རེད། ནང་གསེས་ལ་ནང་པས་བདག་མེད་འཇོག་སྟངས་ཀྱི་ཐད་ལ་ནང་པའི་གྲུབ་མཐའ་བཞི་ཡོད་རེད། བྱེ་བྲག་སྨྲ་བ། མདོ་སྡེ་པ། སེམས་ཙམ་པ། དབུ་མ་པ་ཞེས་གྲུབ་མཐའ་བཞིར་ཕྱེ་ཡི་ཡོད་རེད།
གྲུབ་མཐའ་བཞི་ཕྱེ་བའི་སྐབས་ལ་བདག་གི་ངོ་བོ་འཇོག་དུས། བདག་ཞེས་པའམ་ང་ཞེས་ངོ་ཐོག་མཛུབ་མོ་འཛུགས་ས་ག་འདྲ་ཞིག་རེད་ཟེར་ན། དབུ་མ་པའི་ནང་གསེས་ཆོས་ཐམས་ཅད་མིང་རྐྱང་བཏགས་ཡོད་ཙམ་རེད། དོན་གྱི་ངོས་ནས་གྲུབ་པ་ཡོད་མ་རེད་ཟེར་བའི་ལྟ་བ་སྨྲ་བ་དེ་མ་གཏོགས་གཞན་ནང་པ་ཚང་མས་ཆོས་གང་དང་གང་ཡིན་ཡང་དོན་གྱི་ངོས་ནས་གྲུབ་དགོས་ཀྱི་རེད་བསམ་པ་ཞིག་འདོད་ཀྱི་ཡོད་རེད། དོན་གྱི་ངོས་ནས་གྲུབ་པ་ཞིག་ལྟ་ཡི་ཡོད་རེད། དེར་བརྟེན་བདག་ཞེས་པ་དེ་དོན་གྱི་ངོས་ནས་གྲུབ་དགོས་ཀྱི་རེད། དེ་འདྲ་ཡིན་དུས་ཕུང་པོའི་ནང་ན་བདག་དེ་ཡོད་དགོས་ཀྱི་རེད་ཅེས་དེ་ལྟར་ཐག་བཅད་ནས། ཕུང་པོའི་ནང་གི་བདག་ག་རེ་འཇོག་དགོས་རེད་ཟེར་ན། ལུས་དེ་བདག་ལ་བཞག་ན་འགྲིག་གི་ཡོད་མ་རེད། ལུས་དེ་མི་ཚེ་ནས་མི་ཚེ་འགྲོ་སྡོད་ཀྱི་ཡོད་རེད། དེར་བརྟེན་ལུས་ཀྱི་སྒང་ནས་ང་མེད་པ་གསལ་པོ་ཞེ་དྲག་རེད། ཤེས་པའི་སྒང་ལ་འགྲོ་དགོས་རེད། ཤེས་པ་ལ་དབང་པོའི་ཤེས་པ་དང་ཡིད་བློའི་ཤེས་པ་ཞིག་ཡོད་པ་ཡིན་དུས། དབང་པོའི་ཤེས་པ་དེ་དབང་པོ་ལ་བརྟེན་པ་གསལ་པོ་ཞེ་དྲག་རེད། དེར་བརྟེན་དེའི་སྟེང་ནས་བདག་འཇོག་མི་ཐུབ་པ་གསལ་པོ་ཞེ་དྲག་རེད། དཔེར་ན། ང་ཚོ་གཉིད་ཁུག་པའི་སྐབས་ལ་དབང་པོའི་ཤེས་པ་དེ་ཚོས་ལས་ཀ་བྱེད་ཀྱི་མི་འདུག་གཱ མིག་གི་ཤེས་པ་དང་རྣ་བའི་ཤེས་པ་ཟེར་བ་དེ་ཚོས་བྱ་བ་བྱེད་ཀྱི་མི་འདུག་གཱ ང་དེ་ཡོད་ནས་གཉིད་ཁུག་བསྡད་ཡོད་རེད་པཱ། བྱས་ཙང་ང་ཡོད་རེད། དེ་དུས་ང་ཡོད་མ་རེད་ཅེས་ལབ་ཐུབ་ཀྱི་མ་རེད། ཡིན་ན་ཡང་དེ་དུས་སྒོ་ལྔའི་ཤེས་པ་མངོན་འགྱུར་ཡོད་མ་རེད། དེར་བརྟེན་སྒོ་ལྔའི་ཤེས་པའི་སྟེང་ནས་ང་འཇོག་ཐུབ་ཀྱི་མི་འདུག་གཱ དེ་འདྲ་ཡིན་དུས་ཡིད་བློའི་སྒང་ལ་བསམ་བློ་གཏོང་དགོས་རེད། རྨི་ལམ་གཏོང་སྡོད་མཁན་གྱི་བློ་ཞིག་འདུག་གཱ བློ་དེའི་སྒང་ལ་བསམ་བློ་གཏོང་གི་ཡོད་རེད། བདག་ཞེས་པ་ཡིད་བློའི་སྒང་ལ་རྙེད་དགོས་པ་ཞིག་རེད། ཡིད་བློའི་སྟེང་ནས་བདག་འཇོག་པ་ཞིག་རེད། ནང་གསེས་ལ་བསམ་བློ་བཏང་ན། ཡིད་བློ་ལ་རགས་པ་ཡོད་རེད། ད་ལྟ་ང་རང་ཚོའི་སྒོ་ལྔའི་ཤེས་པ་མངོན་དུ་འགྱུར་བཞིན་པའི་སྐབས་ལ་ཡིད་བློ་འདུག་གཱ དཔེར་ན། ཁྱེད་རང་ཚོའི་མིག་གི་ཤེས་པས་ངའི་དབྱིབས་དང་ཁ་དོག་མཐོང་སྡོད་ཀྱི་ཡོད་རེད། དེ་མཐོང་བ་དང་ཆབས་ཅིག་རྣ་བའི་ཤེས་པས་ངའི་སྐད་ཆ་དེ་དག་གོ་ཡི་ཡོད་རེད། དེའི་རྒྱབ་ལ་རྒྱལ་བ་རིན་པོ་ཆེའི་བཟོ་ལྟ་འདི་འདྲ་ཞིག་འདུག སྐད་ཆ་བཤད་དུས་ལག་བརྡ་དེ་འདྲ་ཞིག་བྱེད་ཀྱི་འདུག དེ་བཞིན་ཨ་མཆོག་གིས་སྒྲ་དེ་དག་གོ་བའི་རྗེས་ལ་ཚིག་དེ་ཇི་མ་ཇི་བཞིན་དོན་རྟོགས་མཁན་ཞིག་འདུག་གཱ དེ་ཡིད་བློ་ཡིན་པ་རེད། མིག་གི་ཤེས་པས་གཟུགས་འཛིན། རྣ་བའི་ཤེས་པས་སྒྲ་འཛིན། དེའི་བསྡོམས་ལྟ་བུ་དེ་ཡིད་བློས་བརྒྱབ་ནས་འདི་དེ་འདྲ་རེད་མ་རེད་ཅེས་བཟང་ངན་གྱི་རྟོགས་དཔྱོད་བྱེད་མཁན་དེ་ཡིད་བློ་ཡིན་པ་རེད། མིག་གི་ཤེས་པ་དེ་དཔེར་ན། མིག་བཙུམ་པའི་སྐབས་ལ་མིག་ཤེས་ཀྱིས་ལས་ཀ་བྱེད་ཀྱི་མི་འདུག་གཱ མིག་བློས་ལས་ཀ་བྱེད་ཀྱི་མེད་ཀྱང་ཡིད་བློ་དེས་མུ་མཐུད་བསམ་བློ་ཞིག་གཏོང་ཡོང་གི་འདུག་གཱ བྱས་ཙང་སྒོ་ལྔའི་ཤེས་པ་དང་ཡིད་བློ་རྟོགས་པ་ཞེས་པ་གཉིས་འདུག་གཱ དེ་ང་ཚོ་ཉིན་རེ་ཉིན་རེའི་ཉམས་མྱོང་གི་ཐོག་ནས་གསལ་པོ་ཞེ་དྲག་རེད། གཉིད་སད་པའི་གནས་སྐབས་ཀྱི་ཡིད་བློ་རྟོགས་པ་གཅིག་དེ་ཡིད་བློ་རགས་པ་རེད། གཉིད་ལམ་གཏོང་བའི་གནས་སྐབས་ཀྱི་ཡིད་བློ་ཞིག་ཡོང་གི་ཡོད་རེད། དེ་ཡིད་བློ་ཏོག་ཙམ་ཕྲ་བ་དེ་ཡིན་པ་རེད། གཉིད་ལམ་མེད་པར་གཉིད་མཐུག་པོ་ཁུག་པའི་སྐབས་ཀྱི་ཡིད་བློ་ཞིག་ཡོད་རེད། དེ་དེ་ལས་ཕྲ་རུ་ཕྱིན་པ་རེད། དྲན་པ་བརྒྱལ་བའི་གནས་སྐབས་སུ་ཡིད་བློ་ཕྲ་རུ་འགྲོ་ཡི་ཡོད་རེད། དྲན་མེད་བརྒྱལ་ནས་དྲན་པའི་གསོ་བའི་སྐབས་སུ་ཤེས་པ་མཐུད་རྒྱག་མཁན་གྱི་ཤེས་པའི་རྒྱུན་ཞིག་དགོས་ཀྱི་འདུག་གཱ དེ་ལྟར་ཡིད་བློ་ཕྲ་རགས་མང་པོ་བཤད་ཀྱི་ཡོད་རེད། ཐ་མ་ཤི་བའི་གནས་སྐབས་ལ་སྔགས་ཀྱི་ཐོག་ནས་འོད་ཟེར་ཞེས་གསུངས་པའི་ཤེས་པ་ཕྲ་ཤོས་ཤིག་ཡོད་རེད། དེ་དག་འཆི་བའི་གནས་སྐབས་ལ་ཡོང་གི་ཡོད་རེད། གཞི་རྐང་གཉིད་ཀྱི་འོད་ཟེར་ཡོད་རེད། དེ་ནས་མར་འཆི་བའི་འོད་ཟེར་དེ་འོད་ཟེར་ཕྲ་ཤོས་དེ་རེད། དེ་ལྟར་ཡིད་བློའི་ཐོག་ནས་ང་དེ་འཇོག་དགོས་ཀྱི་འདུག་བསམ་པའི་ཐོག་ནས་ང་ཡི་མཚན་གཞི་ཡིད་ཀྱི་རྣམ་ཤེས་ཟེར་བ་ཞིག་འཇོག་གི་ཡོད་རེད། ཐལ་འགྱུར་བས་ཆོས་ཐམས་ཅད་མིང་བརྡས་བཞག་ཙམ་དང་བརྟེན་ནས་བཏགས་ཙམ། མིང་བརྡ་ལ་བརྟེན་ནས་བཏགས་ཙམ། གདགས་ཞིག་ལ་བརྟེན་ནས་བཏགས་ཙམ་ཞིག་མ་གཏོགས་དོན་གྱི་ངོས་ནས་གྲུབ་པ་ཞིག་ཡོད་མ་རེད་ཅེས་གསུང་པའི་གྲུབ་མཐའ་དེའི་ཐོག་ནས་བཤད་པ་ཡིན་ན། ང་ཟེར་བ་དེ་ཕུང་པོའི་ནང་ལ་འཚོལ་བར་ཕྱིན་པ་ཡིན་ན། ལུས་ཀྱི་སྒང་ནས་རྙེད་རྒྱུ་ཡོད་མ་རེད་ལ་སེམས་ཕྲ་རགས་གང་གི་སྒོ་ནས་རྙེད་རྒྱུ་ཡོད་མ་རེད། དེ་འདྲ་ཡིན་དུས་ང་ཟེར་བ་དེ་ལུས་དང་སེམས་ལ་བརྟེན་ནས་བཏགས་ཙམ་རེད། ཐ་སྙད་དུ་གྲགས་ཙམ་ཞིག་རེད། བརྟེན་ནས་བཏགས་ཙམ་གྱི་ང་ཞིག་བཤད་ཀྱི་ཡོད་རེད། དེ་དབུ་མ་པའི་ལྟ་བ་ཕྲ་ཤོས་དང་ཟབ་ཤོས་དེ་བཤད་ཀྱི་ཡོད་རེད། ང་ཙམ་དུ་མ་ཟད་ཕུང་སོགས་ཀྱིས་བསྡུས་པའི་ཆོས་མཐའ་དག་རེད། མདོར་ན་བཅོམ་ལྡན་འདས་ཁོ་རང་ཡང་མཛུབ་མོ་བཙུགས་ན་རྙེད་རྒྱུ་ཡོད་མ་རེད། སྣང་བ་ཙམ་དེས་མ་ཚད་པའི་བརྟག་དཔྱད་བྱས་ན་རྙེད་རྒྱུ་མེད་པ་གསལ་པོ་རེད། ང་ཡི་ངོ་བོ་ག་རེ་རེད་ཅེས་ལབ་པ་ཡིན་ན། ཕུང་པོ་ལས་དོན་གཞན་པའི་བདག་ཡོད་རེད་ཅེས་ནང་པ་མ་ཡིན་པའི་ཆོས་ལུགས་ཚང་མ་སྡེ་ཚན་དེའི་ནང་ལ་ཕྱིན་པ་རེད། ང་ཟེར་བ་ཕུང་པོ་ལ་བརྟེན་ནས་བཏགས་པ་རེད་ཅེས་པ་ནང་པས་བཤད་པ་རེད། ནང་པའི་ནང་གསེས་ཀྱིས་ཕུང་པོའི་སེམས་ལ་ཡོད་དང་མེད་ཟེར་བ་འདོད་ཚུལ་མི་འདྲ་བ་ཡོད་པ་རེད། གོང་གི་དེ་དག་ང་ཟེར་བ་དེ་ག་རེ་རེད་ཅེས་པའི་དྲི་བ་དེའི་ལན་ཡིན།།