ཝ་ཤིན་ཊོན་དུ་དྲག་གནོན་བྱེད་དུས་ཧང་སང་གི་རེད་ཟེར།

འདིའི་སྔོན་དུ་ཁ་ཆེའི་ལྷ་ཁང་དུ་འབར་རྫས་གཏོར་ནས་ཉིན་གྲངས་༥ མ་གཏོགས་སོང་མེད་པས། པཱ་ཀི་སི་ཐན་གཞུང་གིས་འཇིགས་སྐུལ་རིང་ལུགས་པར་རྒོལ་ལན་ནུས་ཤུགས་ལྡན་པའི་ངང་སློག་གི་མེད་པའི་བསམ་ཚུལ་ཤོད་མཁན་བྱུང་ཡོད་རུང༌། ཕྱིས་སུ་ཞིབ་འཇུག་ཆ་ཚང་བྱས་རྗེས་འཇིགས་སྐུལ་བས་བེད་སྤྱད་པའི་འབར་རྫས་དེ་ཨ་རི་ནས་ཚུར་ཡོང་ཡོད་པའི་གནས་ཚུལ་ཤེས་རྟོགས་བྱུང་ཡོད་པ་དང༌། དེ་ནས་ཡུན་རིང་མ་སོང་བར་པཱ་ཀི་སི་ཐན་གྱི་མི་རིགས་ཏ་ལི་བྷན་གྱི་བཀོད་འདོམས་པ་དྷ་ར་ཨ་སི་མལ་ཁང་ཟེར་བས། ཟླ་བ་༣ པའི་ཚེས་༣༡ ཉིན་པཱ་ཀི་སི་ཐན་གྱི་ཉེན་རྟོག་སྦྱོང་བརྡར་བསྟི་གནས་སུ་དྲག་གནོན་བྱས་ཟིན་པས། གང་མགྱོགས་ཨ་རིའི་གྲོང་ཁྱེར་ཝ་ཤིན་ཊོན་དུ་དྲག་གནོན་བྱས་དེ་འཛམ་གླིང་སྟེང་གི་མི་ཚང་མ་ཧང་སངས་སུ་བཅུག་གི་ཡིན་ཞེས་དང༌། དེ་བཞིན་འཇིགས་སྐུལ་བ་བྷ་ཏྲོས་ལ་ཟེར་བར་ཁ་པར་བརྒྱུད་ནས་གསར་འགོད་པ་འགས་བཅར་འདྲི་བྱེད་སྐབས། ཁོས་ཀྱང་ང་ཚོའི་དམིགས་ས་གཙོ་བོ་ཨ་རིའི་ཕོ་བྲང་དཀར་པོ་ཡིན་པས་ཉིན་གཅིག་འཛམ་གླིང་ཧང་སངས་བཅུག་གི་ཡིན་ཞེས་བརྗོད་ཡོད་པ་དང༌། དེ་བཞིན་འཇིགས་སྐུལ་བ་འདི་ལ་ཨ་སྒོར་ས་ཡ་༥ ཙམ་ཨ་རིའི་ཡུལ་དུ་གནས་སྡོད་བྱེད་བཞིན་པའི་འཇིགས་སྐུལ་པའི་བཀོད་འདོམས་པ་ཞིག་གིས་སྤྲད་ཡོད་པ་དང༌། པཱ་ཀི་སི་ཐན་དུ་གས་འཐོར་བྱུང་བའི་ཨ་རིའི་འབར་རྫས་དེའང་བཀོད་འདོམས་པ་འདིས་མཁོ་སྤྲོད་བྱས་ཡོད་པའི་དོགས་གཞི་ཡོད་པ་རེད།
    པཱ་ཀི་སི་ཐན་གྱི་སྲིད་འཛིན་དང་ནང་སྲིད་བློན་ཆེན། ནང་སྲིད་བློན་ཆེན་གྱི་མགྲིན་ཚབ་པ་སོགས་ཀྱིས་པཱ་ཀི་སི་ཐན་དང་ཨབ་གྷ་ནི་སི་ཐན་གྱི་ས་མཚམས་སུ། པཱ་ཀི་སི་ཐན་གཞུང་གིས་སྟངས་འཛིན་བྱེད་ཐུབ་ཀྱི་མེད་པ་དེར་ཏ་ལི་བྷན་གྱི་འཇིགས་སྐུལ་རིང་ལུགས་པས་བཙན་ས་བཟུང་ཡོད་པས། ངེས་པར་དུ་ས་ཁུལ་དེ་དག་གཞུང་གིས་སྟངས་འཛིན་ཐུབ་ཐབས་འབད་བརྩོན་བྱེད་དགོས་པའི་གཏམ་བཤད་ནན་པོ་བྱས་ཡོད་པ་རེད། ཨ་རིའི་གཞུང་ཕྱོགས་ནས་འཇིགས་སྐུལ་བའི་བཀོད་འདོམས་པ་ཨ་རི་བ་ཡིན་པ་དང་འབར་རྫས་དེའང་དོགས་གཞི་ཅན་ཞིག་ཡིན་པས། ངེས་པར་དུ་གསང་བའི་ལས་ཁུངས་སོགས་ཀྱིས་དོགས་ཟོན་ངང་ལས་དོན་འཐུས་ཚང་མ་བསྒྲུབ་ན། འཇིགས་སྐུལ་བའི་ལས་འཆར་ལམ་ལྷོང་བྱུང་ཚེ་ཨ་རི་ལ་གྱོང་གུད་ཀྱི་རྐྱེན་ངན་གཞན་ཞིག་འགོ་ཚུགས་པ་རེད་ཅེས། དྲ་ལམ་ཁག་དང་ཨ་རིའི་ཉིན་རེ་ཚགས་པར་སོགས་ཀྱི་སྟེང་དུ་བཀོད་ཡོད་པ་རེད།