ས་ཡོམ་སྐབས་ཀྱི་ཉེན་འགོག་སྦྱོང་བརྡར།
ས་ཡོམ་བྱུང་སྐབས་སྤྱི་ཡོངས་ལ་གནོད་སྐྱོན་ཡོང་གི་ཡོད་པའི་ནང་སློབ་གྲྭའི་ནང་དུ་གནོད་སྐྱོན་ཚབས་ཆེ་བ་ཕོག་པའི་གནས་ཚུལ་མང་པོ་ལྷག་གི་ཡོད་རེད། གང་ཡིན་ཟེར་ན། སློབ་ཕྲུག་རྣམས་ཆུང་ཆུང་ཡིན་པ་དང༌། དངངས་སྐྲག་སྐྱེས་ནས་མཆོང་བ་ལ་སོགས་པ་གནོད་སྐྱོན་ཆེན་པོ་ཆགས་ཀྱི་ཡོད་པའི་རྐྱེན་གྱིས་དམིགས་བསལ་སློབ་གྲྭའི་ནང་སྦྱོར་བརྡར་སྤྲད་པ་རེད་ཅེས་འགྲེལ་བརྗོད་གནང་སོང༌། སྦྱོང་བརྡར་དེར་ཞུགས་པའི་ཚོར་སྣང་གང་བྱུང་སློབ་མ་ཞིག་ལ་བཅར་འདྲི་བྱས་པར། སྦྱོང་བརྡར་སྐབས་ས་ཡོམ་དངོས་གནས་བྱུང་བའི་ཚོར་སྣང་བྱུང་བ་མ་ཟད། ང་རང་ནད་པ་ཡིན་ཁུལ་གྱིས་སྦྱོང་བརྡར་བྱས་པས། དངོས་སུ་ས་ཡོམ་བྱུང་སྐབས་སློབ་ཕྲུག་ནང་ཁུལ་དུ་རོགས་པ་གང་འདྲ་བྱེད་དགོས་པ་དང༌། སྨན་པའི་སར་ཇི་ལྟར་སྐྱེལ་དགོས་པ་བཅས་ས་ཡོམ་དངོས་སུ་བྱུང་བའི་ཚོར་སྣང་བྱུང་ཞེས་བརྗོད་བྱུང༌། སྦྱོང་བརྡར་འདིས་ས་ཡོམ་དངོས་སུ་བྱུང་སྐབས་ཕན་ཐོགས་མིན་སྐོར་དྲིས་པར། ཕན་ཐོགས་དངོས་གནས་ཡོང་ས་རེད། ང་ཚོ་བོད་པའི་གོམས་གཤིས་ནང་དུ་རྣམ་རྟོག་དབང་གིས་སྦྱོང་བརྡར་འདི་འདྲ་བྱེད་སྐབས་རྣམ་རྟོག་སློང་གི་འདུག་ཅེས་པའི་སྐད་ཆ་ཞིག་ཅིག་བྱས་ན་ཁྱབ་བསྡད་ཡོད་ཀྱི་རེད། དེ་རྩ་བ་ནས་ཡག་པོ་མ་རེད། འབྱུང་བའི་ཉེན་ཁ་འཛམ་གླིང་གང་དུའང་ཡོད་པས། དེའི་ཉེན་འགོག་ཆེད་དུ་སྦྱོང་བརྡར་འདི་འདྲའི་ནང་ཞུགས་ཐུབ་ན་ཕན་ཐོགས་ཡོད་པ་རེད་ཅེས་བརྗོད་བྱུང༌།
སྤྱིར་ས་ཡོམ་སྐོར་གོ་རྟོགས་སྤེལ་བའི་ལས་འགུལ་འདི་བོད་ཀྱི་དཔེ་མཛོད་ཁང་གི་ཁྱབ་ཁོངས་འོག་ནས། ས་གནས་ཁག་དང༌། དགོན་སྡེ། སློབ་གྲྭ། སྨན་ཁང་སོགས་སུ་དེ་སྔོན་ནས་སྤེལ་བ་དང༌། ད་དུང་བོད་པའི་སྤྱི་ཚོགས་ནང་དུ་རིམ་བཞིན་སྤེལ་བཞིན་པ་ཞིག་ཡིན་པ་རེད།།