གཉིས་པ། མུ་ཁྲི་བཙན་པོ་ནས་གནམ་རི་སྲོང་བཙན་བར་གྱི་རྒྱལ་རབས་གླེང་བ།

རྒྱལ་རབས་ཡིག་ཆ་གང་དུ་བལྟས་ཀྱང་རྒྱལ་པོ་གྲི་གུམ་བཙན་པོ་འདི་ཉིད་བློན་པོ་ལོ་ངམ་རྟ་རྫིས་ཀྱིས་བཀྲོངས་པའི་གནས་ལུགས་གཅིག་གྱུར་དུ་གླེང་གི་ཡོད་པ་ལྟ་བུ་རེད། འོན་ཀྱང༌། བློན་པོ་ལོ་ངམ་གྱིས་བཙན་པོ་བཀྲོངས་རྐྱེན་ལ་ཡོངས་གྲགས་བཤད་ཚུལ་མི་འདྲ་བ་གཉིས་ཙམ་ཆགས་ཡོད་པར་སྣང་ངོ༌། །༡གྲི་གུམ་བཙན་པོ་ཆུང་དུས་མཚན་ཇི་ལྟར་འདོགས་མིན་གྱི་སྐོར་མ་མ་གྲོ་ཞ་མ་སྐྱི་བརླིང་མ་ལ་དྲིས་ཤིང༌། མ་མས་བྲག་རྙིལ་ལམ་མ་རྙིལ། འབྲི་སྤངས་མེས་ཚིག་གམ་མ་ཚིག མཚོ་སྐམས་སམ་མ་སྐམས་ཞེས་དྲིས་པར། བྲག་མ་རྙིལ། མཚོ་མ་སྐམས། སྤང་ཡང་མེས་མ་ཚིག་ཅེས་གསོལ་ཡོད་ཀྱང༌། མ་མ་རྒས་ཆེ་དྲགས་པའི་དབང་གིས་རྣ་ལོག་པར་ཐོས་ཏེ། བྲག་རྙིལ། སྤང་མེས་ཚིག མཚོ་ཡང་སྐམས་སོ་ཞེས་ཐོས་ཤིང༌། མ་མས། རྟེན་འབྲེལ་མ་བཟང་པའི་རྣམ་རྟོག་ངན་པ་ཡིད་ལ་ཤར་ཏེ། རྒྱལ་སྲས་དེ་ནི་ཆུར་ལྷུང་ནས་ཤི་བ་དང༌། ཡང་ན་གྲིའི་འོག་ཏུ་ཤི་བར་ངེས་པར་འདུག་ན། རྒྱལ་སྲས་ཀྱི་མཚན་ལ་གྲི་གུམ་ཞེས་ཐོགས་ཤིག་ཅེས་སྨྲས་ཏེ་གྲི་གུམ་ཞེས་བཏགས་སོ། །མཚན་དེ་འདྲ་བཏགས་པ་ལ་ནོངས་ཏེ། དེའི་རྗེས་སུ་བཙན་པོའི་ཐུགས་ལའང་གདོན་བགེགས་ལྟ་བུ་ཞིག་ཞུགས་ནས་ནུས་པ་ཆེན་པོར་གྱུར་ཅིང༌། ཡབ་འབངས་དང་ཡུམ་འབངས་ཚང་མ་དགྲ་རུ་འཛིན་ཏེ། གཞན་ལ་རང་ཉིད་དང་འགྲན་བསྡུར་ཕོད་མཁན་ཡོད་དམ་ཞེས་བཀའ་སྩལ་བ་ལ། ཀུན་གྱིས་མི་ཕོད་ཅེས་གསོལ་ཏོ། །ལོ་ངམ་རྟ་རྫི་ལ་དྲིས་ཀྱང་མི་ཕོད་ཅེས་གསོལ་ཡང་བཙན་བཤད་ཀྱིས་ཁ་གཏད་ལ་འཛིང་དུ་བཅུག་ཅིང༌། མཐར་ལོང་ངམ་གྱིས། བཙན་པོས་དེ་ལྟར་གསན་དུ་མི་ཆུད་ན། མདུང་རང་འདེབས་དང༌། རལ་གྲི་རང་གཅོད། ཁྲབ་རང་གྱོད། ཕུབ་རང་བཟུར་ལ་སོགས་པ་འཕྲུལ་གྱི་དཀོར་ཆེད་པོ་མངའ་བའི་ཡོད་ཚད་བདག་ལ་བསྩལ་ན་འགྲན་ཕོད་དོ་ཞེས་གསོལ་ཞིང་བཙན་པོས་ཀྱང་དེ་ལྟར་མཛད་པར་ཁས་བླངས་སོ། །དེའི་རྗེས་སུ་འུང་ནས་ལོ་ངམ་རྟ་རྫི་མཁར་མྱང་རོ་ཤམ་པོར་སླེབས་ཤིང༌། བཙན་པོ་ཡང་མྱང་རོ་ཤམ་པོར་གཤེགས་སོ། །ལོ་ངམ་རྟ་རྫིས་བཙན་པོ་ལ་གསོལ་བ། དབུ་རྨོག་ཟང་ཡག་ཀྱང་བཅད་དུ་གསོལ་བ་དང༌། དམུ་སྐས་སྟེན་དགུ་ཡང་ཁ་ཐུར་ངུ་བསྟན་དུ་གསོལ་བར། བཙན་པོས་དེ་རྣམ་གཉིས་ཀྱང་ལོ་ངམ་རྟ་རྫིས་ཇི་ལྟར་གསོལ་བ་ལྟར་དེ་བཞིན་དུ་གནང་ངོ༌། །ལོ་ངམ་གྱིས་གླང་པོ་བརྒྱ་ལ་གསེར་གྱི་མདུང་རྩེ་ཉིས་བརྒྱ་སྔ་ཐག་ཕྱི་ཐག་ཏུ་བྱས་ཤིང༌། རྒྱབ་ཏུ་ཐལ་བ་བཀལ་ནས་གླང་པོ་ནང་ཕན་ཚུན་འཐབ་འཁྲུགས་ཀྱིས་ཐལ་བ་གཏོར་ཏེ། དེའི་ནང་དུ་ལོ་ངམ་རྒྱུགས་ནས་གྲི་གུམ་བཙན་པོའི་མཆན་འོག་ཏུ་སྟེའུ་ཕྱུང་སྟེ་བཀྲོངས་སོ། །སྤུར་ཟངས་བརྒྱའམ་ཟངས་སྒམ་ཁ་སྤྲོད་ཀྱི་ནང་དུ་བཅུག་སྟེ་གཙང་ཆུའི་ནང་དུ་བཏང་ཞིང༌། ཀླུ་འོད་དེ་བེད་དེ་རིང་མོའི་ལྟོར་གཤེགས་སོ་ཞེས་སོགས་ཡིད་ལྟོས་དཀའ་བའི་སྒྲུང་གཏམ་གྱི་རྣམ་པར་འཁོད་ཡོད་པ་ནི། གཤམ་གསལ་ཏུན་ཧོང་ཡིག་ཆར། ང་ཅ་ ༡༢༨༧དྲྀ་གུམ་བཙན་པོ་སྐུ་ཆུང་བ་འྀ་ཚེ་མཚན་ཇྀར་གདགས་ཤེས། །མ་མ་གྲོ་ཞ་མ་སྐྱི་བརླིང་མ་ལ་དྲྀས་ན། མ་མ་འྀ་མཆིད་ནས། སྐྱྀ་བྲག་མར་བ་ནྀ་རྙིལ་ཏམ་མ་རྙིལ། དང་མ་འབྲི་སྤངས་ནི་མྱེས་ཚིག་གམ་མ་ཚྀག མཚོ་དམ་ལེ་དབལ་མཚོ་ནི་སྐམས་སམ་མ་སྐམས་ཤེས་མཆི། བྲག་མ་རྙྀལ། མཚོ་ཡང་མ་སྐམས་སྤང་ཡང་མྱེས་མ་ཚིག་ཅེས་བགྱིསྣ། མ་མ་གྲོ་ཞ་མ། རྒས་ནས་རྣ་ལོག་པར་ཐོས་སྟེ། བྲག་ཀྱང་རྙིལ། སྤང་ཡང་མྱེས་ཚིག མཚོ་ཡང་སྐམས་ཤེས་ཐོས་ནས། །འོན་ཏང་ཆུ་དགུམ་སྲི་དགུམ་གྱྀས། དྲྀ་གུམ་བཙན་པོར་མཚན་ཐོགས་ཤིག་ཆེས་མཆི་ནས། དྲྀ་གུམ་བཙན་པོར་མཚན་བཏགས་ནས། མཚན་བཏགས་ནོང་སྟེ། ཐུགས་སུ་ཡང་ཞུགས། ལྡེ་སྲས་མྱྀ་འི་མྱིཚུལ་ཏེ། མངོན་བར་དགུང་དུ་གཤེགས་པ་ལ་སྩོགས་པ་འཕྲུལ་དང་བྱྀན་ཆེད་པོ་མངའ་བས། དྲོད་དང་དྲེགས་མ་ཐུབ་སྟེ། །བཙན་འདྲན་བདའ་ནས། ཡབ་འབངས་ཕ་དགུའ་དང༌། ཡུམ་འབངས་ཚན་གསུམ་ལ་དགྲ་རུ་རྒལ་གཡག་གཡོན་དུ་དྲུང་ཕོད་དམ་ཞེས་བཀའ་སྩལ་ན། སོ་སོ་ནས་ཀུན་གྱིས་མྱྀ་ཕོད་ཆེས་གསལཏོ། ལོ་ངམ་རྟ་རྫིས་ཀྱང་མྱི་ཕོད་ཅེས་གསོལ་པ་ལས་མ་གནང་སྟེ། །འུང་ནས་ལོ་ངམ་གྱྀས་གསོལ་པ། དེ་ལྟར་མྱྀ་གནང་ན། །ལྷ་འི་དཀོར་མདུང་རང་འདེབས་དང༌། རལ་གྱྀ་རང་གཅོད་དང༌། ཁྲབ་རང་གྱོན་གྱོད་དང༌། ཕུབ་རང་བཟུང་ལ་སྩོགས་པ། འཕྲལ་གྱི་དཀོར་ཆེད་པོ་མངའ་བ་འྀ་རྣམས་བདག་ལ་སྩོལ་ན་ཕོད་ཅེས་གསོལ་ཏོ། དེ་ནས་ལྷ་འྀ་དཀོར་ཐམ་ཤད་སྩལ་ཏོ། འུང་ནས་ལོ་ངམ་རྟ་རྫྀ་ཡང༌། མཁར་མྱང་རོ་ཤམ་པོར་སྔར་མཆྀས་སོ། བཙན་པོ་ཡང་མྱང་རོ་ཤམ་པོར་གཤེགས་ནས། མྱང་རོ་ཐལ་བ་ཚལ་དུ་གཡུལ་བྲེས་ནས། །འུང་ནས་རྟ་རྫྀའི་མཆིད་ནས། དབུའ་འབྲེང་ཟང་ཡག་ཀྱང་གཆད་དུ་གསོལ། དབུའ་སྐས་སྟེན་དགུའ་ཡང་ཁ་ཐུར་དུ་བསྟན་དུ་གསོལ་ནས། དེ་རྣམ་གཉྀས་ཀྱང་དེ་བཞིན་གནང་ངོ༌། །འུང་ནས་ལོ་ངམ་གྱྀས་གླང་པོ་བརྒྱའ་ལ། གསེར་གྱྀ་མདུང་རྩེ་ཉིས་བརྒྱའ་སྦལ་བཏགས་ཏེ། རྒྱབ་ཏུ་ཐལ་བ་བཀལ་ནས། གླང་ནང་འཐབ་སྟེ། ཐལ་བ་གཐོར་ནས། དེ་འྀ་ནང་དུ་ལོ་ངམ་གྱིས་བརྒལ་ཏོ། བཙན་པོ་དྲི་གུམ་ལྡེ་བླ་གུང་རྒྱལ་གྱིས་གནམ་དུ་དྲངས་ན། ལོ་ངམ་གྱྀས་མཆན་ནས་སྤྲེ་སྟེ་འུ་པྱུང་བས། ལྡེ་བླ་གུང་རྒྱལ་ནི་ཏི་རྩེ་གངས་རུམ་དུ་འཕང་སྟེ་གཤེགས་སོ། །བཙན་པོ་དྲི་གུམ་ཡང་དེ་རུ་བཀྲོངས་ནས། སྤུར་ཟངས་བརྒྱའ་ཁ་སྤྲོད་གྱི་ནང་དུ་བཅུག་སྟེ་རྩང་ཆུ་འྀ་གཞུང་ལ་བཏང་ངོ༌། ཆབ་གཞུག་སེར་ཚངསུ་ཀླུ་འོད་དེ་བེད་དེ་རིང་མོ་འྀ་ལྟོར་གཤེགས་སོ་ཞེས་གསལ་ཡོད།
ས་རཱ་མཐོ་སློབ། ངག་དབང་བྱམས་པས།