དཀྱིལ་ཤར་ཡུལ་གྲུ་ཁག་ཏུ་ཨ་རིའི་བུད་མེད་དམག་མིའི་དཀའ་ངལ།
དེ་ཡང་འཛམ་གླིང་དམག་ཆེན་གཉིས་པ་མཇུག་བསྡུས་ནས་ད་ལྟའི་བར། ཨ་རིས་རྒྱལ་ཁབ་གཞན་དང་དམག་འཁྲུག་བརྒྱབ་པའི་ནང་བུད་མེད་དམག་མི་སྲོག་ཤོར་བ་མང་ཤོས་ཆགས་ཡོད་པ་དང༌། བུད་མེད་དམག་མི་ཚོས་དགྲ་ལ་ཁ་གཏད་གཅོག་རྒྱུ་དེ་དམག་འཁྲུག་ནང་ཞུགས་པའི་ལས་འགན་གཙོ་བོ་དེ་ཡིན་ཡང༌། སྒེར་གྱི་དཀའ་ངལ་དེ་གཡུལ་སའི་དམག་འཁྲུག་ལས་སྡུག་པ་ཡོད་ཚུལ། ཨི་རག་ཏུ་དམག་མིའི་ལས་དོན་སྒྲུབ་བཞིན་ཡོད་པའི་བུད་མེད་དམག་མི་ཧཱ་ལིན་བྷིན་ཌ་ཟེར་བས། ཁེར་རྐྱང་གི་དམག་མི། ཨི་རག་ཏུ་སྒེར་གྱི་དམག་འཁྲུག་གི་ལས་གཉེར་བ་ཞེས་པའི་དེབ་གཅིག་བྲིས་ཡོད་པ་དེ། ཨ་རིའི་ཚགས་པར་སོགས་སུ་ཁྱབ་བསྒྲགས་ཤུགས་ཆེན་བྱས་ཡོད་པ་རེད།
བུ་དམག་མི་བརྒྱ་ཕྲག་མང་པོའི་དཀྱིལ་ལ་བུད་མེད་ཧ་ཅང་ཉུང་ངུ་ཡིན་པར་བརྟེན་ནས། བུད་མེད་དམག་མི་རྣམས་ལ་བཙན་གཡེམ་དང་དབང་ཤེད་སོགས་ཀྱིས་ཧ་ཅང་དཀའ་ངལ་འཕྲད་བཞིན་ཡོད་པས། དེབ་དེའི་ནང་ཨི་རག་ཏུ་བུད་མེད་དམག་མི་རྣམས་ལ་དཀའ་ངལ་ག་ཚོད་ཡོད་མེད་འགྲེལ་བརྗོད་བྱས་ཡོད་པ་རེད། དེབ་ནང༌། ང་དམག་འཁྲུག་གི་འཐབ་རའི་ནང་དུ་ཡོད་པའི་སྐབས། ངའི་འཐབ་རོགས་དམག་མི་གཅིག་གིས། གལ་སྲིད་ངས་ཁྱེད་ལ་བཙན་གཡེམ་བྱས་ན་མི་སུ་གང་གིས་མཐོང་གི་མ་རེད། ཁྱོད་ཀྱིས་སྡུག་སྐད་ག་ཚོད་བརྒྱབ་ཀྱང་ཡ་ལན་སྤྲོད་མཁན་སུ་ཡང་ཡོང་གི་མ་རེད་ཟེར་བྱུང་བས། ངས་སྲོག་ཤོར་ཡང་ཁྱོད་དང་འཛིང་ངེས་ཡིན་ཞེས་ལན་བརྒྱབ་པ་ཡིན། སྐབས་དེར་ཁོས་ང་ལ་ཁྱོད་ཀྱིས་དམག་གྲི་ཁྱེར་ཡོད་དམ་ཞེས་དྲིས་བྱུང་བས། ངས་ཁྱེར་ཡོད་ཅེས་ལན་བརྒྱབ་ཡོད་རུང་ངས་དམག་གྲི་ཁྱེར་མེད། རྗེས་སུ་ངས་རྟག་ཏུ་དམག་གྲི་ཁྱེར་ནས་འགྲོ་ཡི་ཡོད་པ་དེ་དགྲ་ལ་ཁ་གཏད་གཅོག་ཆེད་མ་ཡིན་པར། དེ་ནི་ང་རང་སྒེར་གྱི་དམག་འཁྲུག་གི་ཆེད་དུ་ཡིན་ཞེས་བྲིས་ཡོད་པ་རེད།
ཡང་དེབ་དེའི་ནང་ང་ནི་བུ་བརྒྱ་ཕྲག་མང་པོའི་ཁྲོད་ནས་བུད་མེད་དམག་མི་གཅིག་རང་ཡོད་པ་དེ་ཡིན་ཞིང༌། ང་ནི་སྟག་རྒོད་གྲོད་ཁོག་ལྟོགས་པའི་མདུན་དུ་ཤ་དམར་པོ་བཞག་པ་དང་གཅིག་མཚུངས་རེད་ལ། རང་ལོ་༡༧ ལས་སོན་མེད་པའི་གཞོན་ནུ་ང་ལ་ཆ་མཚོན་ན་ཕྱི་ནང་གཉིས་ལ་དཀའ་ངལ་ཡོད་པའི་དམག་ས་འདི་ནི་ཧ་ཅང་བཟོད་དཀའ་བ་ཞིག་རེད། ང་ལ་བུ་དམག་རོགས་གཅིག་གིས། སྔོན་དུས་ཨ་རིས་ཝི་ཊི་ནམ་ལ་དམག་འཁྲུག་བརྒྱབ་པའི་སྐབས་སུ་དམག་སྒར་དུ་གཞང་འཚོང་མ་ཧ་ཅང་མང་པོ་ཡོད་པ་རེད། ཨི་རག་ནང་གཞང་འཚོང་མ་མེད་རུང་ཁྱོད་ཚོ་འདྲ་བའི་བུད་མེད་དམག་ལ་བཏང་ཡོད་པ་དེ་བུ་ཚོའི་དཀའ་ངལ་སེལ་ཆེད་དུ་རེད་ཅེས་བརྗོད་བྱུང་ཞེས་འཁོད་ཡོད་པ་རེད།
ཨ་རིའི་བདེ་སྲུང་ལྷན་ཁང་གིས་བུད་མེད་དམག་མི་བརྒྱ་ཆ་༣༠ ཙམ་ལ་བཙན་གཡེམ་བྱས་ཡོད་པ་དང༌། དེ་བཞིན་བཙན་གཡེམ་བྱེད་ཐབས་དང་དབང་ཡོད་བྱས་ཡོད་པ་སོགས་ཀྱི་བརྒྱ་ཆ་༧༡ ཟིན་གྱི་ཡོད་པ་ཁྱབ་བསྒྲགས་བྱས་ཡོད་པ་རེད། ད་དུང་ཨ་རིའི་བུད་མེད་དམག་མི་དེས་བྲིས་པའི་དེབ་དེའི་ནང༌། དཀྱིལ་ཤར་ཡུལ་གྲུ་ཁག་ཏུ་ཡོད་པའི་ཨ་རིའི་བུད་མེད་དམག་མི་ལ་བཅར་འདྲི་དང་སྡུག་པོ་མྱངས་བའི་གནས་ཚུལ་རྣམས་ཧ་ཅང་གསལ་པོ་འཁོད་ཡོད་པ་རེད།།