འདན་ཆོས་འཁོར་དགོན་གྱི་མཁན་པོ་དང་གྲྭ་པ་འཇུ་བཟུང།

    ཁོང་ལ་རྒྱ་གར་གྱི་ཁ་པར་ཨང་གྲངས་གསང་ཉར་བྱས་ཡོད་པ་དང། གནས་ཚུལ་ཕྱི་ཕྱོགས་སུ་ཁྱབ་བསྒྲགས་བྱས་པ། འདི་ལོའི་ཕྱི་ཟླ་དང་པོའི་ནང་འདན་ཆོས་འཁོར་དགོན་དུ་དགེ་འདུན་པའི་སྣེ་ཁྲིད་དེ་མི་མང་འདུ་འཛོམས་ཐོག་རྒྱ་གཞུང་ལ་ངོ་རྒོལ་དང་འབར་རྫས་དོན་རྐྱེན་སྦྱར་ཡིག་འདྲ་མིན་སྦྱར་བ་སོགས་ཚབས་ཆེ་བས་གནས་ཚུལ་དེ་དག་ལ་འགོ་འཛུགས་བྱེད་ལྟེ་གཙོ་བོར་ཡིན་སྐོར་བརྗོད་བཞིན་ཡོད་འདུག  མཁན་པོ་བསྟན་འཛིན་རྒྱལ་མཚན་ནི་ཕྱི་ཟླ་དང་པོའི་ནང་འདན་ཆོས་འཁོར་དུ་རྙོག་འཛིང་ཆེ་བའི་སྐབས་དེར་རྒྱུ་རྐྱེན་འདྲ་མིན་སྣ་ཚོགས་ཀྱིས་བྲོས་བྱོལ་དུ་ཕེབས་ནས་ད་བར་སྐྱེ་རྒུ་མདོ་རུ་གསང་ཡིབ་བྱས་ཡོད་ནའང་གོང་ཚེས་ཉིན་འཇུ་བཟུང་བྱས་ཡོད་འདུག།
    ཟླ་འདིའི་ཚེས་༩ ཉིན་གྱི་དགོང་མོ་ཆུ་ཚོད་དང་པོ་དང་ཕྱེད་ཙམ་ལ་འདན་ཆོས་འཁོར་དགོན་པའི་དགེ་འདུན་པ་བསོད་ནམས་དགེ་ལེགས་དང་ཚེ་བརྟན་བསོན་ནམས་གཉིས་འཇོ་མདའ་རྫོང་ཉེན་རྟོག་པ་ཁག་ཅིག་གིས་གློ་བུར་དུ་འཛིན་བཟུང་བྱས་ཏེ་རྫོང་ཐོག་ཏུ་ཁྲིད་ནས་བཙོན་ཁང་དུ་བཀག་ཉར་བྱས་ཡོད་པ་དང། ཁོང་གཉིེས་ནི་དེ་སྔོན་སྦྱར་ཡིག་འདྲ་མིན་འབྲི་མཁན་དང་སྦྱར་མཁན་གཙོ་བོ་ཡིན་པར་ངོས་འཛིན་བྱས་ཡོད་འདུག གཞན་ཡང་ཕྱི་ཟླ་དང་པོའི་ཚེས་༡༦ ནས་ཕྱི་ཟླ་༤ ཚེས་༩ བར་འདན་ཆོས་འཁོར་དགོན་པའི་དགེ་འདུན་པ་༡༡ འཇུ་བཟུང་བྱས་ཡོད་པའི་ཁུངས་ནས་དབུ་མཛད་ཉི་མི་ཚེ་རིང་དང། དགེ་བསྐོས་ལྷུན་འགྲུབ། གྲྭ་བཀྲ་རྡོ་གསུམ་ལ་ལོ་གཅིག་དང་ཕྱེད་ནས་གཅིག་བར་ཁྲིམས་ཐག་བཅད་ཡོད་ཀྱང་ནག་ཉེས་ཇི་ཡོད་ཁ་གསལ་གང་ཡང་བརྗོད་མེད་པ་རེད།།    Wc