མི་ལོ་༥༠ རིང་བཙན་བྱོལ་ནང་གི་གྲུབ་འབྲས་དང་མ་འོངས་པའི་ཉེན་ཁ།

བཙན་བྱོལ་ལ་སླེབས་པའི་སྐབས་ང་ཚོ་བོད་མི་ཁྲི་བརྒྱད་ལྷག་ལས་ཡོད་པ་མ་རེད། དེའི་སྐབས་ནས་རྒྱ་གར་ལ་མི་འབོར་ཐེར་འབུམ་ཕྱེད་ཀ་ལྷག་ཅིག་ཡོད་པ་རེད། དེའི་ནང་ང་ཚོ་བོད་མི་གཏོར་བཞག་ན་ད་སྐབས་བོད་རིགས་ཀྱི་ངོ་བོ་མ་ལྷག་པའི་གནས་སྟངས་ཤིག་ལ་འགྱུར་འགྲོ་ཡི་རེད་མོད། ༸རྒྱལ་བ་རིན་པོ་ཆེ་དང། དེའི་སྐབས་ཀྱི་རྒྱ་གར་གྱི་སྲིད་བློན་ནེ་ཧ་རུ་ཡིས་ཕུགས་རྒྱང་རིང་པོའི་དགོངས་པ་བཞེས་ཏེ། ད་ལྟ་བོད་པའི་སྤྱི་ཚོགས་ནང་མི་རིགས་ཀྱི་ངོ་བོ་དང། ཆོས་དང་རིག་གཞུང་རྒྱུད་འཛིན་ཐུབ་པ། བོད་པའི་འཐབ་རྩོད་མུ་མཐུད་དུ་གནས་ཐུབ་པ་དེ་ཚོ་གྲུབ་འབྲས་ཆེན་པོར་བརྩི་ཡི་ཡོད། ལྷག་པར་དུ་༸རྒྱལ་བ་རིན་པོ་ཆེས་དབུ་ཁྲིད་པའི་རྒྱལ་སྤྱིའི་ནང་བོད་དོན་ཁྱབ་ཆེན་པོ་ཧ་གོ་བ་དང། རྒྱབ་སྐྱོར་ཐོབ་པ་ཞིག་བྱུང་བ་རེད། བཙན་བྱོལ་སྤྱི་ཚོགས་ནང་ཤེས་ཡོན་གྱི་ཐོག་ནས་རང་བཙན་ཡོད་པའི་རྒྱལ་ཁབ་དང་མཚུངས་པ་ལྟ་བུའི་གྲུབ་འབྲས་ཐོན་ཡོད་པ་དེ་གཟི་བརྗིད་རེད། ཤེས་ཡོན་གཟེངས་སུ་ཐོན་པ་རེ་ཟུང་མ་གཏོགས་ཡོད་པ་མ་རེད་མོད། འཛམ་གླིང་གཞན་དང་བསྡུར་ནའང། དཔོན་རིགས་གཞན་པ་ཚོར་ཐུག་སྐབས་དཔུང་པ་མཉམ་གཤིབ་ཀྱིས་འགྲོ་འདུག་དང་སྐད་ཆ་བཤད་ཐུབ་པ་དེ་ཤེས་ཡོན་གྱི་བཀའ་དྲིན་རེད།
    བཙན་བྱོལ་གཞུང་གི་ངོས་ནས་མི་ལོ་ལྔ་བཅུའི་རིང་འཐུས་ཤོར་དང་ནོར་འཁྲུལ་ཆེན་པོ་རིགས་བྱུང་ཡོད་མེད་ལ་ངོས་འཛིན་ག་འདྲ་གནང་གི་ཡོད་ཅེས་དྲིས་པར། ཁོང་གིས། གཞུང་ཟེར་དུས། གཞུང་གི་འགོ་ཁྲིད་མཁན་མི་ཁ་ཤས་རེད། ༡༩༩༡ བར་སྤྱི་འཐུས་ལྷན་ཚོགས་མིང་དོན་མཚུངས་པ་མེད་པ་སོང་ཙང། དེའི་སྐབས་གཞུང་གི་འགན་ཁུར་ཐུབ་ཡོད་མེད་གནས་སྟངས་གཅིག་རེད། ༡༩༩༡ ལོ་ནས་སྤྱི་འཐུས་ལྷན་ཚོགས་ཡང་མིང་དོན་མཚུངས་པའི་ཁྲིམས་བཟོ་ལྷན་ཚོགས་ཤིག་ཆགས་བསྡད་ཡོད་པ་རེད་མོད། བཀའ་ཤག་དང་སྤྱི་འཐུས་ནང་དུ་བཞུགས་མཁན་གཅིག་པུས་དོན་དག་འགྲུབ་མ་འགྲུབ་ཟེར་རྒྱུ་ཆགས་ཡོད་པ་མ་རེད་བསམ་གྱི་འདུག གཞུང་ནས་འགོ་ཁྲིད་པ་དང། མི་མང་ནང་དུ་འཛུལ་ཞུགས། མི་མང་ནང་ནས་འགོ་ཁྲིད་མཁན། ལྷག་པར་དུ་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་ལས་ཀ་བྱེད་སྟངས་སོགས་ཀྱི་ཁྱད་པར་མང་པོ་ཡོད་པས། གྲུབ་འབྲས་ཐོན་ཡོད་ན་གཞུང་གི་འགོ་ཁྲིད་མཁན་གྱི་མི་སྣ་གཅིག་པུའི་ལས་ཀ་བྱེད་སྟངས་ཀྱིས་རེད་ལབ་ན་ཐལ་ཆ་ཆེ་དྲགས་ཀྱི་རེད་བསམ་གྱི་འདུག འཐུས་ཤོར་ཡིན་ནའང་རེད། གྲུབ་འབྲས་ཡིན་ནའང་རེད། བོད་མི་ཡོད་དོ་ཅོག་གི་འགན་ཡིན་པ་ལ་ངོས་འཛིན་བྱེད་དགོས་པ་རེད་བསམ་གྱི་འདུག འཐུས་ཤོར་ཕྱིན་པ་དམིགས་སུ་བཀར་ན། གཞིས་ཆགས་སྲ་བརྟན་ལྟ་བུ་ཡིན་ན། ༡༩༨༥ ལོ་ཙམ་གྱི་བར་སློབ་སྦྱོང་ཐོན་མཁན་ཡང་ཉུང་ཉུང་རེད། དེའི་རྗེས་ནས་རྒྱ་གར་གྱི་གཙུག་ལག་སློབ་གྲྭ་ཁག་གི་ནང་སོང་ནས་མཐོ་སློབ་ཐོན་མཁན་མང་པོ་ཡོང་གི་ཡོད་པ་རེད་མོད། དེ་ལ་གཞི་བཞག་ནས་གཞིས་ཆགས་རང་ལ་ཁོང་ཚོ་གནས་ཐུབ་པའི་ཐབས་ཤེས་ལ་ཕུགས་རྒྱང་རིང་པོའི་བསམ་བློ་གཏོང་ཐུབ་མི་འདུག་བསམ་གྱི་འདུག ད་ལྟ་མཐོ་སློབ་ཐོན་མཁན་ཚོ་གཞིས་ཆགས་ལ་ལས་ཀ་བྱེད་སའི་གཞི་རྟེན་མེད་པས། རྒྱ་གར་གྱི་གྲོང་ཁྱེར་ཁག་དང། ཕྱི་རྒྱལ་ཁག་ལ་འགྲོ་དགོས་པའི་གནས་སྟངས་ཆགས་ནས། གཞོན་སྐྱེས་གཞིས་ཆགས་སུ་གནས་མ་ཐུབ་ན། རང་བཞིན་གྱིས་གཞིས་ཆགས་སྲ་བརྟན་ག་ཚོད་གནས་ཐུབ་མིན་སླེབས་ཡོང་བ་དེ་འཐུས་ཤོར་རེད་བསམ་གྱི་འདུག ད་ལྟ་འགྱུར་བ་གཏོང་དགོས་དུས་ཁག་པོ་ཞེ་དྲག་ཆགས་འདུག
    ཆབ་སྲིད་ཀྱི་ཐོག་ནས་འཐུས་ཤོར་ཕྱིན་ཡོད་དང་མེད་སྐད་ཆ་མང་པོ་ཡོང་གི་ཡོད་པ་རེད། སྐབས་དང་དུས་སོ་སོ་ལ་༡༩༧༩ ལོ་ནས་གོ་སྐབས་ཤིག་བླངས་པ་རེད། བོད་ནང་དུ་གཟིགས་སྐོར་ལ་ཕྱིན་པ་རེད། ཡིན་ནའང་རྒྱ་ནག་ཁོ་རང་ཚོ་འདོད་པ་མ་ཁེངས་ནས་གཟིགས་སྐོར་མཚམས་ཆད་པ་རེད། དེ་རྗེས་བོད་རྒྱའི་འབྲེལ་མོལ་ཡོང་ལ་ཉེ་བ་དང། མ་ཡོང་བའི་གནས་སྟངས་འདྲ་མིན་བྱུང་བ་རེད། ཁ་ཤས་ཀྱི་བཤད་སྟངས་ལྟར་ན། བཙན་བྱོལ་བོད་གཞུང་གི་སྣེ་ཁྲིད་པ་ཁ་ཤས་ཀྱིས་དེའི་སྐབས་གནས་སྟངས་ཡག་པོ་རྟོོག་ཞིབ་མ་ཐུབ་ནས་དེ་འདྲ་ཆགས་པ་རེད་གསུང་མཁན་ཡོད་པ་རེད་མོད། ང་རང་གི་ལྟ་སྟངས་བྱས་ན། རྒྱ་ནག་གཞུང་གི་ངོས་ནས་བོད་རྒྱའི་དཀའ་རྙོག་སེལ་ཐབས་སུ་འདུན་པ་མེད་པ་དེ་གསལ་པོ་སྔོན་མ་ནས་ཡོད་པ་རེད་ལ། ད་ལྟ་ཡང་ང་ཚོས་བོད་པ་ལ་མིང་དོན་མཚུངས་པའི་རང་སྐྱོང་དགོས་པའི་བསམ་འཆར་ཡིག་ཆ་སྤྲད་ཡོད་ནའང། དེ་ལ་ཡ་ལན་ཙམ་ཡང་མེད་པར། ཁོ་རང་ཚོས་འདི་འདྲ་ཞིག་སྤྲད་ཐུབ་ཀྱི་ཡོད་ཅེས་བསམ་བློ་གཏོང་ས་ཞིག་ཀྱང་མེད་པར་ནར་འགྱངས་སུ་ལྷག་པ་དེ་རྒྱལ་སྤྱིའི་ཆབ་སྲིད་ཀྱི་འགྱུར་འགྲོས་མང་པོ་ཞིག་ལ་ཁེ་ཕན་བླངས་ནས། ད་ལྟ་དཔལ་འབྱོར་ཉམས་གུད་འགྲོ་བཞིན་པ་སོགས་ལ་རྒྱ་ནག་ཁོ་རང་ཚོས་གནོན་ཤུགས་ག་ཚོད་སྤྲོད་ཐུབ་ཀྱི་ཡོད་ཤེས་ཀྱི་ཡོད་པས། ནར་འགྱངས་གཏོང་སྡོད་པ་དེ་སྔོན་མ་དང་ད་ལྟ་གཉིས་ལ་གསལ་པོ་རེད། དེ་ང་ཚོ་གཅིག་པུའི་ངོས་ནས་འཐུས་ཤོར་རེད་ལབ་ན་ཏག་ཏག་སྡོད་ཀྱི་མི་འདུག དེ་མིན་གཞུང་གིས་འཐུས་ཤོར་འདི་ཕྱིན་སོང། མི་མང་གིས་འཐུས་ཤོར་འདི་ཕྱིན་སོང་ཟེར་ནས་ལབ་ཤེས་ཀྱི་མི་འདུག་མོད། མི་མང་གི་ངོས་ནས་ཕྱོགས་གཅིག་ནས་ཡག་པོ་རེད། དད་པ་ཡིད་ཆེས་ཀྱི་ཐོག་ནས་༸རྒྱལ་བ་རིན་པོ་ཆེའི་སྐུ་དབང་ལ་བསྒྱུར་བཅོས་བཏང་ན་འགྲིག་གི་མི་འདུག་ཅེས་བཤད་བསྡད་ཡོད་པ་རེད་མོད། ཕྱོགས་གཞན་པ་ཞིག་ནས་བལྟས་ཡོང་དུས་༸རྒྱལ་བ་རིན་པོ་ཆེས་གནང་རོགས། ང་ཚོས་བྱེད་ཐུབ་ཀྱི་མི་འདུག་ཞུས་པ་ལྟ་བུ་རེད། སོ་སོས་འགན་ག་ཚོད་ཁུར་ཐུབ་ཀྱི་ཡོད་ན། ཆབ་སྲིད་ཀྱི་གོ་རྟོགས་ག་ཚོད་ཡོད་ན། ན་ནིང་བོད་ནང་གི་གནས་སྟངས་གསལ་པོ་ཞིག་ཆགས་པ་རེད་མ་གཏོགས། བོད་ནང་དང། རྒྱ་ནག་གི་གནས་སྟངས་ག་འདྲ་ཆགས་ཀྱི་འདུག རྒྱལ་སྤྱིའི་ཆབ་སྲིད་ཀྱི་གནས་བབས་དང་བསྟུན་ནས་བོད་པའི་འཐབ་རྩོད་ལ་འགྱུར་བ་ག་འདྲ་གཏོང་དགོས་པ་སོགས་ལ་བསམ་བློ་གཏོང་མཁན་ཉུང་ཉུང་རེད་བསམ་གྱི་འདུག དེ་ཏན་ཏན་ང་ཚོ་འཐབ་རྩོད་བྱེད་མཁན་གྱི་མི་རིགས་ཤིག་ཡིན་པས་འཐུས་ཤོར་ཞིག་རེད་བསམ་གྱི་འདུག མང་གཙོའི་འཕེལ་རིམ་ལ་བལྟས་ན། སྤྱི་འཐུས་ནང་ཆོལ་ཁ་རེའི་མི་བཅུ་རེ་དང། ཆོས་བརྒྱུད་རེའི་མི་གཉིས་རེ་དགོས་པ་རེད་མོད། སོ་སོས་ལས་ཀ་ཏག་ཏག་བྱེད་ཐུབ་མཁན་གྱི་མི་བཅུ་ཤེས་ཀྱི་ཡོད་མེད། འོས་བསྡུ་སྐབས་མི་རྒན་པ་ཁ་ཤས་ཀྱིས་ག་རེ་ལབ་ཀྱི་འདུག ཡང་ནས་སོ་སོའི་ཡིད་ཆེས་ས་ཞིག་གིས་ག་རེ་ལབ་པ་དེ་ལ་འོས་བླུགས་པ་ཙམ་ལས་སོ་སོས་ཐག་གཅོད་བྱས་ནས་འོས་བླུག་མཁན་ཉུང་ཉུང་ཡིན་པ་དེ་ཚོ་ང་ཚོའི་སྤྱི་ཚོགས་ནང་གི་ཞན་ཆ་ལ་མཐོང་གི་ཡོད།
    མ་འོངས་པར་བཙན་བྱོལ་ནང་རྒྱུན་རིང་འདུག་དགོས་བྱུང་ན་ཉེན་ཁ་ཆེ་ཤོས་ག་རེ་ལ་ངོས་འཛིན་གནང་གི་ཡོད་ཅེས་དྲིས་པར། ཁོང་གིས། ཉེན་ཁ་ཆེ་ཤོས་གཞིས་ཆགས་སྲ་བརྟན་གནས་ཐུབ་དང་མ་ཐུབ་དེ་གཅིག་ཆགས་ཀྱི་འདུག དེ་ཐད་ཀར་བོད་དོན་བདེན་མཐའ་གསལ་བ་ལ་འབྲེལ་བ་ཆེན་པོ་ཆགས་བསྡད་ཡོད་པ་རེད། བོད་མི་ཚང་མ་ས་གནས་གཅིག་ལ་འཇོག་དགོས་པའི་རྒྱུ་མཚན་སོ་སོའི་ཆོས་དང་རིག་གཞུང། གོམས་གཤིས་དེ་ཚོ་སྲུང་སྐྱོབ་བྱེད་རྒྱུ། མི་རིགས་གཞན་པ་དང་མཉམ་བསྲེས་མི་ཡོང་བའི་ཆེད་དུ་རེད། ད་ལྟ་བར་དུ་འགྲུབ་འབྲས་གང་འཚམས་ཐོན་པ་རེད།  མ་འོངས་པར་གཞིས་ཆགས་རྒྱུན་གནས་ཐུབ་པ་ཞིག་ཏུ་བསྒྱུར་མ་ཐུབ་ན། ལོ་ཆུང་བ་ཚང་མར་ཤེས་ཡོན་གྱི་གོ་སྐབས་ཤིག་རག་གི་ཡོད་པས། ཕྱི་ལོག་ཏུ་འགྲོ་རྒྱུ་མང་པོ་རེད། ཕྱི་རྒྱལ་ཁག་ཏུ་རྒྱ་གར་ནང་བཞིན་བོད་མི་ཚང་མ་མཉམ་དུ་སྡོད་རྒྱུའི་གོ་སྐབས་ཡོད་པ་མ་རེད། ༸རྒྱལ་བ་རིན་པོ་ཆེ་བཞུགས་པའི་རིང་ལ་ཕྱི་རྒྱལ་ཁག་ཏུ་ཆིབས་བསྒྱུར་སྐབས་ལ་བོད་རིགས་ཚང་མ་འཛོམས་རྒྱུའི་གོ་སྐབས་ཤིག་ཡོང་གི་ཡོད་པ་རེད། ༸རྒྱལ་བ་རིན་པོ་ཆེ་མ་བཞུགས་པའི་སྐབས་ལ་ང་ཚོའི་གནས་ཚུལ་ཚབས་ཆེན་པོ་ཆགས་རྒྱུའི་ཉེན་ཁ་ཞིག་ཡོད་པ་རེད།
    ད་ལྟ་༸རྒྱལ་བ་རིན་པོ་ཆེའི་བཀའ་དྲིན་གྱིས་བཙན་བྱོལ་བོད་གཞུང་གནས་བསྡད་ཡོད་པ་རེད། རྒྱབ་རྟེན་གཅིག་དཔལ་འབྱོར་རེད། ཕྱི་རྒྱལ་ཁག་གི་ནང་ནས་རོགས་སྐྱོར་ཡོང་གི་ཡོད་པས། རྒྱ་ནག་གིས་དེ་ཚོ་འགོག་རྒྱུའི་ཐབས་ཤེས་བྱེད་ཀྱི་ཡོད་པ་རེད། བོད་པའི་འཐབ་རྩོད་མུ་མཐུད་གནས་དགོས་ན། གཙོ་བོ་ཆབ་སྲིད་ཀྱི་གནད་དོན་རེད་མོད། དེ་ལ་རྒྱབ་རྟེན་དཔལ་འབྱོར་མེད་ན། ལྷག་བསམ་གཅིག་པུས་འཐབ་རྩོད་མུ་མཐུད་གནས་ཐབས་མེད་པ་ཕལ་ཆེར་གསལ་པོ་རེད། བོད་པའི་སྤྱི་ཚོགས་ནང་ནས་བོད་པའི་འཐབ་རྩོད་ཀྱི་ཆེད་དཔལ་འབྱོར་གྱི་ཞལ་འདེབས་དང། དཔལ་འབྱོར་འདུ་འགོད་ནང་སོ་སོས་འབུལ་དགོས་པ་ལས་ལྷག་ཅིག་འབུལ་མཁན་ཉུང་ཤས་ཆགས་བསྡད་ཡོད་པས། ང་རང་ཚོས་འཐབ་རྩོད་ཀྱི་འགྲོ་སོང་བཙན་བྱོལ་བོད་མི་རང་གིས་བསྡུས་ནས་གཏོང་ཐུབ་དགོས་པའི་གནས་སྟངས་ཤིག་ལ་སླེབས་དགོས་པ་རེད། ཕྱིའི་རོགས་ཚོགས་ཁག་ནས་ད་ལྟ་ཡག་པོ་ཡོང་གི་ཡོད་པ་རེད་མོད། མུ་མཐུད་གནས་ཐུབ་མིན་བཤད་ཁག་པོ་རེད། གཞིས་ཆགས་ཁག་གི་ནང་སོ་སོའི་ལྟོ་གོས་འགྲིག་བསྡད་ཡོད་ནའང། བོད་གཞུང་གི་ངོས་ནས་རོགས་སྐྱོར་ཡོད་པ་རེད་ལབ་དུས། དགོས་ཀྱི་མེད་ནའང་ལེན་སྡོད་པ་དེ་གཞན་རྟེན་གྱི་བསམ་བློ་ཤུགས་ཆེ་དྲགས་ནས་རེད། དེའི་བསམ་བློ་ལ་བསྒྱུར་བཅོས་མ་སོང་བར་ང་རང་ཚོ་སོ་སོའི་རྐང་པའི་ཐོག་ལངས་ཐུབ་རྒྱུ་ཁག་པོ་རེད།
    གནད་དོན་གཞན་པ་ཞིག་གི་ཐོག་ནས་བཤད་ན། བོད་པ་ཕྱི་རྒྱལ་ལ་སླེབས་ཚར་མཁན་ཚོས་ནང་ལ་ཕན་ཐོགས་ན་བསམ་ནས་དངུལ་བཏང་ཡོང་དུས། རྒྱ་གར་ནང་གི་གཞོན་སྐྱེས་ཚོས་ང་ཡང་ཉི་མ་གཅིག་ལ་ཨ་རིར་སླེབས་འགྲོ་ཡི་རེད། ཡུ་རོབ་ལ་སླེབས་འགྲོ་ཡི་རེད་བསམ་ནས་ལས་ཀ་བྱེད་རྒྱུའི་གོམས་གཤིས་བརླགས་ཏེ། ཟླ་རེར་གླ་ཆ་སྒོར་མོ་སུམ་སྟོང་བཞི་སྟོང་གི་ལས་ཀ་བྱེད་འདོད་མེད་པའི་གཤིས་ཀ་དེ་ཚོ་ཉེན་ཁ་ཆེན་པོ་རེད། ག་དུས་ཡིན་ནའང་རྨི་ལམ་གྱི་འཛམ་བུ་གླིང་ལྟ་བུ་ཞིག་གི་ནང་མང་པོ་ཞིག་ལྷག་སྡོད་པ་དེ་རྒན་གཞོན་མེད་པར་བོད་རིགས་ཚང་མའི་ནང་ཕྱི་རྒྱལ་ལ་འགྲོ་རྒྱུའི་བསམ་བློ་ཤུགས་ཆེན་པོ་ཞིག་སླེབས་བསྡད་ཡོད་པ་རེད། ཕྱི་རྒྱལ་ལ་སླེབས་སོང་ན་དཀའ་ལས་བརྒྱབ་ནས་མི་རབས་རྗེས་མ་ཚོའི་ཤེས་ཡོན་དང་འཚོ་གོས་ཡག་པོ་ཡོང་མདོག་རེད་མོད། ཕ་མས་འགན་ཁུར་ནས་བོད་པའི་ཆོས་དང་སྐད་ཡིག་གོམས་གཤིས་ཡག་པོ་ཞིག་མ་བསླབ་ན། ཕྲུ་གུ་ཚོའི་བོད་པའི་གོམས་གཤིས་རིམ་པས་བརླགས་ནས། བོད་པའི་ངོ་བོ་བརླག་རྒྱུའི་ཉེན་ཁ་མཐོང་གི་འདུག།།