ལད་ཟློས་ནི་རྗེས་ལུས་ཀྱི་གཞི་རྩ་ཡིན།

འུ་ཅག་གདོང་དམར་ཅན་གྱི་མེས་པོ་གོང་མ་ཚོས་བོད་རང་གི་ཐུན་མིན་ཁྱད་ཆོས་དང༌། ཡུལ་གོམས་གཤིས་ལུགས་སོགས་བཞག་ནས་ཁ་ལ་ཟ་རྒྱུ་དང༌། ལུས་ལ་གོན་རྒྱུ་ཡན་ཆད་ནས་གཞན་ལ་དཔེ་བལྟས་ཤིང༌། ལད་ཟློས་ཁོ་ན་བྱས་ཏེ། རིག་གནས་དང་ཤེས་ཡོན་གྱི་རིགས་ཡིན་ན་ཡང༌། རྒྱལ་ཁབ་གཞན་གྱིས་གང་བྱས་ལ་དཔེ་རྐྱང་རྐྱང་བལྟས་ནས། རང་གི་ནུས་པ་དང༌། རང་གི་གཤིས་ཀ    དེ་བཞིན་རང་གི་རང་བཞིན་དང་བཅས་པ་གཞན་གྱི་འདྲ་བཤུས་ཙམ་ཞིག་མ་གཏོགས་བོད་ཀྱི་ཐུན་མོང་མ་ཡིན་པའི་ཡོན་ཏན་མངོན་ཐུབ་མེད་ལ། ཡུལ་གོམས་གཤིས་ལུགས་ཀྱང་ཡོངས་རྫོགས་འགྱུར་ཡོད་པ་མ་ཟད། རྒྱ་གར་ལ་ཡིད་སྨོན་གྱི་འགྲམ་ཆུ་ལྡང་དྲགས་པའི་སྐྱོན་གྱིས་བོད་ཀྱི་རྒྱལ་པོ་ཡང་རྒྱ་གར་གྱི་རིགས་རྒྱུད་ཡིན་པར་བསྒྲུབ་ཅི་ཐུབ་བྱེད་ལ། ད་དུང་རྒྱ་གར་གྱི་སྙན་ངག་དང་ལྟ་གྲུབ་མང་པོ་ཞིག་བོད་དུ་བསྒྱུར་བ་ནས་བཟུང་བོད་པའི་བསམ་བློ་ཡང་རྦད་དེ་འགྱུར་ནས་དེ་དུས་ནས་མི་རིགས་གཞན་གྱིས་དབང་བསྒྱུར་འོག་ཏུ་ཚུད་ཟིན་པ་ཞིག་རེད་སྙམ།
    ད་དུང་དེང་གི་ཆར་བོད་རིགས་རྒན་གཞོན་ཀུན་གྱིས་ལག་ཏུ་དབྱིན་དེབ་རེ་ཁྱེར་ནས། ནུབ་ཕྱོགས་བདེ་བ་ཅན་དུ་བགྲོད་པའི་ཐར་ལམ་འཚོལ་བཞིན་ཡོད་པས་འུ་ཅག་བོད་པ་ཚང་གི་ས་ཆ་གཞན་གྱིས་དབང་བསྒྱུར་བྱས་པ་ནི་ཕྱིའི་དབང་བསྒྱུར་ཙམ་ཡིན་པས་ང་ཚོས་ནམ་ཡང་བློ་ཕམ་བྱེད་དགོས་མེད་མོད།  བོད་པའི་བསམ་བློར་ཡང་གཞན་གྱིས་དབང་བསྒྱུར་བྱེད་བཞིན་པ་འདི་ནི་ངོ་མ་སེམས་འཚབ་མི་བྱེད་ཀ་མེད་ཅིག་རེད།
    འུ་ཅག་བོད་པ་ཚང་ལ་ཆོས་ཀྱི་བསམ་བློ་ཤུགས་ཆེ་དྲགས་པས་ཡིན་ནམ། ཡང་ན་དཔའ་ཞུམ་དྲགས་པས་ཡིན། གང་ལྟར་ཡང༌། གཞན་ལ་ལྷག་པར་བལྟ་བའི་དག་སྣང་གི་སྦྱངས་བ་ཆེ་དྲགས་པའི་སྐྱོན་གྱིས། བོད་མི་རིགས་འདི་འཛམ་གླིང་ནང་ཆོས་དང་རིག་གཞུང་གང་ཐད་ནས་གཞན་དྲིང་མི་འཇོག་པ་ཞིག་ཡོད་ན་ཡང༌། རང་གི་རིགས་འདི་ནུས་མེད་དང་འཇོན་མེད་སོགས་ཀྱི་འདུ་ཤེས་བཟུང་ནས་རང་གིས་རང་ལ་མཐོང་ཆུང་དང༌། རྒྱ་རིགས་ལྟ་བུ་ལ་ཆེ་མཐོང་དང་བརྩི་བཀུར་ཚད་ལས་བརྒལ་བ་ཞིག་ཆེས་སྔ་མོ་ནས་བྱས་འདུག་སྟེ། དཔེར་ན། “འཇང་ཚ་ལྷ་དབོན་ལ་ཇོ་མོ་བླང་རན་པ་ན། བོད་ཐམས་ཅད་སྤྲེའུ་ཡི་རིགས་ཡིན་པས་འདི་ཡི་ཇོ་མོར་མི་འོས་ཤིང༌། འདི་ལ་རྒྱའི་བུ་མོ་ཞིག་བླང་བར་ཆད་”ཅེས་སོགས་སྦ་བཞེད་ཞབས་བཏགས་མ་ཤོག་གྲངས་གཉིས་པར་གསལ་བས་དེ་དུས་ནས་བོད་པའི་བསམ་བློ་འདི་རྒྱས་དབང་བསྒྱུར་བྱས་ཟིན་ནས་རྒྱ་རིགས་ལ་ལྷག་པར་བལྟས་པ་ལས། བོད་པའི་བུ་མོ་རྣམས་རྒྱ་རིགས་ལས་དམན་པ་ཞིག་ནམ་ཡང་ཡོང་མ་མྱོང་ལ་ཡོང་ཡང་མི་སྲིད་པ་ཞིག་རེད།
    དེ་ལྟ་བུའི་བསམ་བློ་ཀུན་ལ་འགོས་ནས་མན་འཇུ་གོང་མ་ཆེན་མོ་ཞེས་ཟེར་དུས་ཀུན་གྱིས་ཕྱག་འཚལ་དགོས་ཤག་ཤག་དང་ཅི་གསུང་བཀའ་བཞིན་དུ་བསྒྲུབ་དགོས་ཤག་ཤག་བྱས་པས། ད་ལྟའི་ཆར་ངེད་ཅག་རང་ཡུལ་ལ་སྡོད་དབང་མེད་པར། ས་མཐར་བྲོས་དགོས་བྱུང་བ་ཡིན་པའང་ཤེས་དགོས་པ་ཞིག་རེད་སྙམ། དེ་ལྟར་སྔ་མོ་ནས་གཞན་ལ་ལད་ཟློས་བྱེད་པའི་ལུགས་སྲོལ་རྒྱུན་འབྱམས་སུ་ཕྱིན་ནས་དེང་གི་དུས་སུ་བོད་པའི་གཞོན་སྐྱེས་རྣམས་ཀྱིས་ནུབ་ཕྱོགས་པས་གང་བྱེད་ཚད་ལ་ཡིད་སྨོན་བྱེད་ཅིང༌། དེ་དང་འདྲ་བ་ཞིག་ཨེ་ཡོང་མི་ཡོང་བལྟས་ནས་བོད་པའི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་དང༌། བོད་པའི་དྲི་མ་ཐམས་ཅད་ཡལ་བཞིན་པའི་གཉན་འཕྲང་གི་དུས་ལ་སླེབས་ཡོད།
    མདོར་ན། ངས་འདིར་བཤད་འདོད་པ་ནི། བོད་པའི་ཟས། གོས། རིག་གཞུང༌། ལུགས་སྲོལ། སྐད། ཡི་གེ་སོགས་ཐམས་ཅད་མི་རིགས་གཞན་དང་མ་འདྲེས་པ་ཞིག་ཡོང་ཐབས་སུ་འབད་དགོས་ལ། དེ་ཡང་སྔར་ཡོད་ཀྱི་ལུགས་སྲོལ་དྲི་མ་མེད་པ་ཞེས་ཟེར་ཏེ་ཤི་འཐམ་རོ་འཐམ་མི་བྱེད་ཅིང༌། དེང་རབས་ཟེར་ནས་འགྲམ་ཆུ་མི་ལྡང་བར། དོན་དང་མཐུན་ཞིང་རིག་པ་དང་མི་འགལ་བའི་གསར་གཏོད་ཀྱི་ལམ་ཁར་རང་དབང་གིས་བསྐྱོད་ནས་བོད་རྗེས་ལུས་ཞེས་པའི་མིང་དེ་ང་ཚོས་བསུབ་དགོས་ལ་བསུབ་ནས་སླར་མིང་དེ་ནམ་ཡང་ཕྱིར་མི་སླེབས་པ་ཞིག་བྱེད་དགོས་པའི་དུས་ལ་བབས་ཤིང༌། མི་བྱེད་ཀ་མེད་ཀྱང་ཡིན།།