པཎ་ཆེན་རིན་པོ་ཆེའི་ཆེད་དུ་ཞི་བའི་གོམ་བགྲོད།

    ལྷོ་ཨ་ཧྥི་རི་ཁའི་རྒྱལ་ས་འཇོ་ཧཱ་ནི་སི་བྷག་ཏུ་ཡོད་པའི་གྷན་དྷིའི་རྗེས་དྲན་ས་ཚིགས་གྲུ་བཞི་མ་རུ་སྔ་དྲོའི་ཆུ་ཚོད་༡༠ ཙམ་ནས་འགོ་འཛུགས་ཀྱིས་ལྷོ་ཨ་ཧྥི་རི་ཁའི་རང་བཙན་འཐབ་རྩོད་པ་དང༌། རང་བཙན་ཐོབ་རྗེས་ཀྱི་སྲིད་འཛིན་དང་པོ་ནེལ་སོན་མན་ཌེ་ལ་མཆོག་གིས་རྗེས་དྲན་ཟམ་པའི་བར་དུ་ཕར་ཚུར་གོམ་བགྲོད་གནང་རྒྱུ་ཡིན་པ་རེད།
    དེའི་སྐབས་ཀྱི་གསུང་བཤད་གནང་མཁན་ཁོངས་སུ་བཙན་བྱོལ་བོད་གཞུང་གི་སྐུ་ཚབ་དོན་གཅོད་བསོད་ནམས་བསྟན་འཛིན་ལགས་དང༌། འགྲོ་བ་མིའི་ཐོབ་ཐང་ཐོག་ཏུ་གསུང་བཤད་གནང་མཁན་ཙམ་དུ་མ་ཟད། ཁུལ་དེར་ཡོད་པའི་ནོ་སྦེལ་ཞི་བདེའི་གཟེངས་རྟགས་ཐོབ་མྱོང་མཁན་ཌེ་སི་མོན་ཌེ་ཊུ་ཊུ་མཆོག་གདན་ཞུ་ཕུལ་ཡོད་པ་དང༌། སྐབས་དེར་ཌེ་སི་མོན་ཌེ་ཊུ་ཊུ་མཆོག་ཕེབས་མ་ཐུབ་པའི་དབང་དུ་བཏང་ཡང༌། ཁོང་གི་གསུང་འཕྲིན་ཞིག་ཕེབས་པའི་རེ་བ་བྱེད་ཀྱི་ཡོད་སྐོར་བརྗོད་ཡོད་པ་རེད། ལས་རིམ་གོ་སྒྲིག་ཚོགས་ཆུང་གི་གསལ་བསྒྲགས་ནང་དོན་ལྟར་ན། ཞི་བདེ་དང་བྱམས་བརྩེའི་གོམ་བགྲོད་ནང་དུ་ཞུགས་མཁན་སུ་འདྲ་ཞིག་ཕེབས་ཀྱང་དགའ་བསུ་ཞུ་རྒྱུ་ཡིན་ཡང། མ་འོངས་པར་འཛམ་གླིང་དུ་ཞི་བདེ་དང་བྱམས་བརྩེ་དར་སྤེལ་གཏོང་རྒྱུའི་ཀུན་སློང་ངེས་པར་དུ་ལྡན་པ་ཞིག་དགོས་པའི་འབོད་སྐུལ་བྱས་འདུག དེ་བཞིན་གོམ་བགྲོད་དེའི་དགོས་འདུན་གྱི་གྲས་སུ་ལྷོ་ཨ་ཧྥི་རི་ཁའི་གཞུང་གིས་གཙོས་པའི་འཛམ་གླིང་རྒྱལ་ཁབ་ཁག་གིས་རྒྱ་ནག་ལ་བོད་ཀྱི་གནད་དོན་དེ་གྲོས་མོལ་གྱི་ལམ་ནས་སེལ་ཐབས་བྱེད་དགོས་པའི་འབོད་སྐུལ་ཡང་ཞུས་ཡོད་པའི་གནས་ཚུལ་ཐོན་ཡོད་པ་རེད།།