ནང་ཆོས་ལ་ཐོས་བསམ་བྱེད་པར་བོད་ཀྱི་སྐད་ཡིག་ཡག་ཤོས་རེད།

    སྐབས་དེར་ྋགོང་ས་མཆོག་གིས་གསུང་དོན། སོག་པོ་དང་ཧི་མ་ལ་ཡའི་མི་རིགས་སོགས་ནི་བོད་ཀྱི་རིག་གཞུང་བརྒྱུད་ནས་འབྲེལ་བ་ཆེ་བ་དང༌། བོད་ཀྱི་ནང་ཆོས་འདི་ཉིད་ནི་མི་ཚེའི་དགོས་མཁོ་ཞིག་ཡིན་པས་བོད་པའི་ཁ་ཆེ་ཚོས་ཀྱང་ཉམས་ལེན་བྱེད་ཀྱི་ཡོད་པ་ཞིག་རེད་ཅེས་དང༌། ནང་པ་སངས་རྒྱས་པའི་ཆོས་ནི་ལུང་དང་རྟོགས་པའི་བསྟན་པ་གཉིས་ལས་གྲུབ་ཡོད་པ་དང༌། བོད་བརྒྱུད་ནང་བསྟན་འདི་ཉིད་ནི་དཔལ་ན་ལེནྜ་ནས་བརྒྱུད་པའི་ཁུངས་བཙན་གྱི་བསྟན་པ་ཞིག་རེད། དེང་སང་དེར་ཐོས་བསམ་བྱེད་པར་བོད་ཀྱི་སྐད་ཡིག་ལེགས་ཤོས་ཡིན་པས་བོད་རིགས་རྣམས་ཀྱིས་བོད་སྐད་ལ་དོ་སྣང་བྱེད་དགོས་སྐོར་སོགས་གསུངས་པ་དང༌། ལྷག་པར་དུ་དེང་རབས་ཀྱི་རིག་གནས་གལ་ཆེ་བའི་སྒང་ལ་མིའི་རིགས་ཀྱི་གཤིས་སྤྱོད་གལ་ཆེན་པོ་རེད་ཅེས་དང༌། རྒྱ་ནག་ལ་མཚོན་ན་བོད་ནང་དུ་དྲག་སྤྱོད་ལས་འགུལ་ཤུགས་ཆེར་སྤེལ་བཞིན་ཡོད་པ་མ་ཟད། རྗུན་གཏམ་སྣ་ཚོགས་སྤེལ་བཞིན་པ་དེ་ནི་སྟོབས་ཤུགས་ཤིག་མ་ཡིན་པར་རང་འཚང་རང་གིས་དྲུས་པ་ཞིག་རེད། ང་ཚོ་བོད་པ་ཚོས་དེ་ལྟར་བྱེད་དགོས་དོན་མེད་ལ་སེམས་ཤུགས་ཀྱང་ཆགས་མི་རུང༌། དེང་སང་བོད་ལ་རྒྱབ་སྐྱོར་བྱེད་མཁན་ཤུགས་ཆེན་ཡོད། ལྷག་པར་ཏུ་རྒྱ་མི་ཚོས་ཀྱང་བོད་ལ་ཤ་ཚ་དང་རྒྱབ་སྐྱོར་ཆེན་པོ་ཡོད། དཔེར་ན་༢༠༠༨ ལོའི་ཞི་རྒོལ་རྗེས་སུ་རྒྱ་མི་རྩོམ་པ་པོ་མཁས་པ་༤༠༠ ལྷག་གིས་བོད་ལ་རྒྱབ་སྐྱོར་གྱི་རྩོམ་ཡིག་སྤེལ་ཡོད་པ་རེད་ཅེས་གསུངས་ཡོད་པ་རེད།
    སྐབས་དེར་བོད་རིགས་དང། བལ་པོ། སོག་པོ་སོགས་ནང་ཆོས་ལ་དོན་གཉེར་ཅན་གྱི་མི་རིགས་དུ་མ་འདུ་འཛོམས་བྱུང་ཡོད་པ་དང། ཉིན་རྒྱབ་ཏུ་ྋགོང་ས་མཆོག་ཁ་ལི་ཧྥོ་ནི་ཡའི་གཙུག་ལག་སློབ་གྲྭ་ཆེན་མོ་རུ་བྷུ་ལཱམ་དཔལ་འབྱོར་ཡར་རྒྱས་ཁང་དང༌། ཨ་རིའི་ཧི་མ་ལ་ཡའི་ཐེབས་རྩ་གཉིས་ཀྱི་མཉམ་འབྲེལ་ཐོག་བྱམས་སྙིང་རྗེ་ལས་ཞི་བདེ་ཞེས་པའི་བཀའ་སློབ་ཅིག་གོ་སྒྲིག་ཞུས་ཡོད་པ་དང༌། དེར་མི་མང་སྟོང་ཕྲག་བདུན་ཙམ་འདུ་འཛོམས་བྱུང་ཡོད་པ་རེད།།