མདོ་སྨད་ཚོགས་ཆེན།
ཚོགས་ཆེན་དེའི་སྐབས་སུ་མདོ་སྨད་ཀྱི་དབུས་རྒྱུན་ལས་གསར་པ་བསྐོ་བཞག་དང་རྩིས་སྤྲོད་རྩིས་ལེན། ཚོགས་པའི་ངོས་ནས་མ་འོངས་པར་ལས་དོན་བྱེད་ཕྱོགས་ཐོག་བགྲོ་གླེང་དང་གྲོས་ཆོད་རིམ་འཇོག་བྱས་པ་དང། དེ་བཞིན་ས་གནས་རྒྱུན་ལས་ཁག་གི་ལས་བསྡོམས་སྙན་སྒྲོན་དང༌། དམིགས་བསལ་དུ་མ་འོངས་པའི་བཀའ་བློན་ཁྲི་པའི་སྐོར་སོགས་ལ་བགྲོ་གླེང་བྱས་ཡོད་པ་རེད།
ཚོགས་ཆེན་ཐོག་གྲོས་ཆོད་ཁག་ལྔ་བཞག་ཡོད་པའི་དང་པོ། ༡ ༧གོང་ས་མཆོག་ཕྱོགས་ཕེབས་སྐབས་སྔར་ལྷག་སྐུའི་ཕྱྭའི་སྲུང་བྱ་བཀོད་སྒྲིག་འཐུས་ཚང་གཏོང་རྒྱུ་དང། དམིགས་བསལ་ཀང་ར་གྷ་སྒལ་གནམ་ཐང་གཙོས་གསུང་ཆོས་སོགས་ཀྱི་ཕེབས་ལམ་ཁག་ཏུ་སྐུ་སྲུང་འཕར་མ་ངེས་བཅར་ཡོད་དགོས། ༢ སྐུ་སྲུང་བྱ་བ་རྣམས་ཀྱིས་ཀྱི་ལོ་རྒྱུས་རྒྱབ་ལྗོངས་དམིགས་འབེན་དུ་བཟུང་ནས་བསྐོ་བཞག་བྱེད་རྒྱུར་རང་གཞུང་བདེ་སྲུང་གཙོས་འབྲེལ་ཡོད་རྣམས་ཀྱིས་རྩད་ཞིབ་ངེས་གནང་ཡོང་རྒྱུ་དང། སྐུ་སྲུང་བ་རྣམས་ལ་དམིགས་བསལ་སྦྱོང་བརྡར་འཕར་མ་སྤྲོད་རྒྱུ། ༣ སྐུ་སྲུང་རྣམས་ལ་ཉེར་མཁོའི་འཕྲུལ་རིགས་ཡོ་ཆས་འཐུས་ཚང་བཏང་སྟེ་གསུང་ཆོས་ར་བ་སོགས་སུ་གཟུགས་མཐོང་བརྙན་ལེན་འཕྲུལ་ཆས་ངེས་འཛུགས་གནང་རྒྱུ། ྋགོང་ས་མཆོག་ཆིབས་སྒྱུར་སྐབས་ཀྱི་དུས་ཚེས་རང་གཞུང་བདེ་སྲུང་གཙོས་འབྲེལ་ཁག་ནས་ངེས་པར་གསང་རྒྱ་བྱ་གལ། ༤ ྋགོང་ས་མཆོག་གི་བཀའ་གསུང་ཇི་ཕེབས་ལ་དམ་གཙང་སླད་མེད་ཀྱིས་ཤར་བསྐྱོད་དང། ལོ་རེར་མདོ་སྨད་དབུས་ས་གཉིས་ནས་འཆར་ཅན་ཞབས་རིམ་གང་ཐུབ་བསྒྲུབ་རྒྱུ། ༥ ྋགོང་ས་མཆོག་གི་དགུང་ནའི་བབ་དང་བསྟུན་དོན་ཆུང་མཇལ་བཅར་དང་གསུང་ཆོས་ཉུང་འཕྲི། ལོ་རེར་འཆར་ཅན་སྐུའི་ངལ་གསོའི་དུས་ཚོད་གཏན་འཁེལ་གནང་རྒྱུ། རྒྱ་མི་མཇལ་བཅར་བར་དམིགས་བསལ་དོགས་ཟོན་སྒོས་འགན་ལེན་ཚོགས་སྡེ་དང་འབྲེལ་ཡོད་མི་སྒེར་གང་རུང་ངེས་པར་དགོས། དེ་བཞིན་རང་ཁོངས་མི་མང་ནང་ྋགོང་ས་མཆོག་ལ་མཚན་སྨོད་སྐུར་འདེབས་དང་དོལ་ཚོགས་སོགས་ལ་འབྲེལ་ཡོད་སུ་ཡིན་རང་རེའི་ཆོལ་ཁོངས་ནས་ཕིར་ཕུད་གཏོང་རྒྱུ།
གཉིས་པ། ༡ བོད་གཞིས་བྱེས་གཉིས་ཀྱི་འབྲེལ་ལམ་ཡར་རྒྱས་གཏོང་སླད་དྲ་རྒྱ་ཚད་ལྡན་ཞིག་གང་མགྱོགས་བཟོ་ཐུབ་པ་བྱ་རྒྱུ་དང། ༢ གཞིས་ལུས་བོད་མིའི་ཞི་རྒོལ་ལ་གདུང་སེམས་མཉམ་སྐྱེད་ཆེད་ལོ་ལྟར་འཆར་ཅན་རྗེས་དྲན་ཞུ་རྒྱུ། གསུམ་པ། དམངས་གཙོའི་འཕེལ་རིམ་དང་ཤེས་ཡོན་ཡར་རྒྱས་གཏོང་ཕྱིར། མདོ་སྨད་ཚོགས་ཆེན་ཞིག་བསྡུ་སྐོང་གིས་ཆོལ་ཁོངས་རིས་མེད་བཀའ་ཁྲིའི་འོས་གཞི་འཚོལ་ཞིབ་ཀྱིས་སྤྱི་ཟུར་ཐུབ་བསྟན་བསམ་འགྲུབ་ལགས་ཀྱི་དྲ་ཐོག་དང་གསར་ལམ་ཁག་ཏུ་གང་ཐུབ་བསྒྲག་རྒྱུ་དང། བོད་མིའི་གྲངས་འབོར་མང་དུ་གཏོང་ཕྱིར་མདོ་སྨད་པ་ཕྲུ་གུ་གསུམ་ལས་བརྒལ་རིགས་ལ་དམིགས་བསལ་ལྟ་སྐྱོང་གནང་རྒྱུ། བཙན་བྱོལ་བོད་མིའི་སྒྲིག་འཛུགས་སྲ་བརྟན་དང་དཔལ་འབྱོར་གོང་དུ་སྤེལ་སླད། དང་བླངས་དཔྱ་དངུལ་འབུལ་འབབ་སྤར་ཆ་གནང་ཐབས་དང༌། ཆོལ་ཁོངས་ནས་ཤེས་འཇོན་གཉིས་ལྡན་རྩད་གཅོད་ཀྱིས་གཞུང་དང་སྒྲིག་འཛུགས་ཁག་ཏུ་ལས་ཞབས་སུ་ངོ་སྤྲོད། གློག་ཀླད་ཆེད་མཁས་པ་བློ་བཟང་སྨོན་ལམ་ལགས་ལ་མདོ་སྨད་ཚོགས་ཆེན་སྐབས་བཅུ་བཞི་པས་བསྔགས་བརྗོད་གཟིགས་གསོལ་གནང་རྒྱུ། མདོ་སྨད་དབུས་རྒྱུན་དང་ས་རྒྱུན་དྲག་འདེམས་དང་ལས་དོན་བྱེད་ཕྱོགས་ཐད། མདོ་སྨད་དབུས་རྒྱུན་ལས་བསྟུད་མར་ཅི་འདེམས་འཐུས་པ་དང༌། དབུས་རྒྱུན་ལས་ས་གནས་ཁག་ཏུ་ལོ་ལྟར་ཐེངས་རེར་བཅར་རྒྱུ། ཐེངས་འདིར་ཀིརྟི་དགེ་རྩ་ཚོགས་པས་ཧིན་སྒོར་ལྔ་འབུམ་ཞལ་འདེབས་སུ་ཕུལ་བ་དང་བཅས་ཛ་དྲག་ཉམ་ཐག་རོགས་སྐྱོར་མ་དངུལ་ཉར་འཇོག་གིས་རང་ཁོངས་ཉམ་ཐག་ལ་མིག་ཐོག་ལག་ཟིན་གྱིས་ལས་འགུལ་གང་མགྱོགས་སྤེལ་རྒྱུ་སོགས་ཀྱི་སྐོར་ལ་གྲོས་ཆོད་བཞག་ཡོད་པ་རེད།།