ཐེ་ཝན་འཛམ་གླིང་འཕྲོད་བསྟེན་ལྷན་ཚོགས་སུ་ཞུགས་འཆར།
དེ་ཡང་ཐེ་ཝན་འཕྲོད་བསྟེན་བློན་ཆེན་ཡེ་ཆིན་ཁྲན་གྱིས། འཛམ་གླིང་འཕྲོད་བསྟེན་ལྷན་ཚོགས་ཀྱི་ལོ་འཁོར་ཚོགས་འདུའི་སྟེང་ཐེ་ཝན་ལ་དམིགས་སུ་བཀར་ནས་མགྲོན་ཤོག་འབྱོར་བྱུང་ཞེས་བརྗོད་ཡོད་ཀྱང༌། ཐེ་ཝན་འཕྲོད་བསྟེན་ལྷན་ཚོགས་ཀྱི་འདོད་པ་བཞིན་ཚོགས་ཞུགས་བྱེད་རྒྱུར་བར་ཆད་ཧ་ཅང་ཆེན་པོ་ཡོད་པ་རེད། ཕྱི་ལོ་༡༩༩༧ ནས་ཐེ་ཝན་རྒྱལ་ཚོགས་ལྷན་ཚོགས་སུ་ཞུགས་རྒྱུའི་འཆར་གཞི་མང་པོ་གཏིང་མྱོང་ཡོད་རུང༌། ག་དུས་ཡིན་ཡང་རྒྱ་ནག་གཞུང་ངོས་ནས་ངོ་རྒོལ་བྱས་ཏེ་ཚོགས་ཞུགས་བཀག་འགོག་བྱེད་ཀྱི་ཡོད་པ་རེད། དམིགས་བསལ་གྱི་༢༠༠༣ ལོའི་རྒྱ་ནག་རྒྱལ་ཡོངས་སུ་སྲར་སི་ནད་ཡམས་ཀྱིས་མི་མང་པོའི་ཚེ་སྲོག་ལ་ཉེན་ཁ་ཧ་ཅང་ཆེན་པོ་ཡོད་པའི་སྐབས། ཐེ་ཝན་འཕྲོད་བསྟེན་ལས་འགུལ་བ་མང་པོས་ཐེ་ཝན་རྒྱལ་ཚོགས་འཕྲོད་བསྟེན་ལྷན་ཚོགས་སུ་ཞུགས་དགོས་པའི་ལས་འགུལ་མང་པོ་སྤེལ་ཡོད་ཀྱང༌། རྒྱ་ནག་གཞུང་གིས་ཐེ་ཝན་རང་བཙན་གྱི་ངོ་བོ་ཐོག་ནས་རྒྱལ་སྤྱིའི་ལྷན་ཚོགས་གང་ལ་ཡང་འཛུལ་ཞུགས་མི་ཆོག་ཅེས་བཀག་འགོག་བྱས་ཡོད་པ་རེད།
རྒྱ་ནག་གཞུང་ངོས་ནས་དེ་ལྟར་བྱེད་དོན་ཡང་ཐེ་ཝན་རྒྱ་ནག་གི་ས་ཁུལ་ཞིག་ཡིན་པས། རྒྱལ་སྤྱིའི་ལྷན་ཚོགས་སོགས་སུ་རྒྱ་ནག་གིས་ཐེ་ཝན་གྱི་སྐུ་ཚབ་མཚོན་གྱི་ཡོད་པས་དེ་ལས་གཞན་པའི་ཐེ་ཝན་གྱི་སྐུ་ཚབ་དགོས་ཀྱི་མེད་ཅེས་བརྗོད་ཀྱི་ཡོད་པར། ཐེ་ཝན་རང་བཙན་ཚོགས་པའི་འཐུས་མི་ཚོས་ངོ་རྒོལ་བྱེད་བཞིན་ཡོད་ནའང༌། ལོ་སྔོན་མར་ཐེ་ཝན་གོ་མིན་ཏང་ཆབ་སྲིད་ཚོགས་པས་གཞུང་འཛིན་པ་དང་སྲིད་འཛིན་མཱ་ཡིན་ཇཱའོ་ཡིས་རྒྱ་ནག་སྐམ་ས་ཆེན་པོ་དང་ཚོང་འབྲེལ་གྱི་བརྒྱུད་ལམ་གསར་འཛུགས་བྱས་ཏེ། དེང་སྐབས་རྒྱ་ནག་སྐམ་ས་ཆེན་མོ་དང་ཐེ་ཝན་དབུས་གཞུང་གཉིས་དབར་འབྲེལ་བ་བཟང་དུ་འགྲོ་བཞིན་ཡོད་པ་རེད།
གནས་བབས་འདིའི་འོག་ནས་ཐེ་ཝན་རྒྱལ་སྤྱིའི་འཕྲོད་བསྟེན་ལྷན་ཚོགས་ཀྱི་ཚོགས་འདུའི་སྟེང་ཞུགས་རྒྱུར་ཁག་པོ་ཆགས་ཀྱི་ཡོད་པ་དང༌། དེ་བཞིན་ཐེ་ཝན་གྱི་སྲིད་འཛིན་དང་རྒྱ་ནག་སྐམ་ས་ཆེན་པོའི་དབར་འབྲེལ་ལམ་སྔར་ལས་བཟང་དུ་འགྲོ་བཞིན་ཡོད་པས། དབུས་གཞུང་གི་ངོས་ནས་ཀྱང་ཐེ་ཝན་རྒྱལ་སྤྱིའི་འཕྲོད་བསྟེན་ལྷན་ཚོགས་སུ་ཞུགས་རྒྱུའི་ཆོག་མཆན་སྤྲོད་མིན་ལ་དཀའ་ངལ་འཕྲད་བཞིན་ཡོད་པའི་གནས་ཚུལ་ཐོན་ཡོད་པ་རེད།།