ཀིརྟིའི་དགེ་རྩ་ཚོགས་པའི་འགན་འཛིན་ལྷན་ཚོགས།

    དགེ་རྩ་ཚོགས་པ་དེའི་ཕྱི་ལོ་ ༢༠༠༨ ཟླ་ ༤ ཚེས་ ༡ ནས་ཕྱི་ལོ་ ༢༠༠༩ ཟླ་ ༣ ཚེས་ ༣༡ བར་གྱི་ཀིརྟིའི་དགེ་རྩ་ཚོགས་པའི་ལས་བསྡོམས་མདོར་བསྡུས།
དང་པོ། ཁོང་རིན་པོ་ཆེ་སྐུ་དངོས་དང་འབྲེལ་བའི་སྐོར།
༡ ཆོས་ཕྱོགས་སྐོར། ས་ཟླའི་དུས་ཆེན་སོགས་ལ་གྲྭ་ཚང་གི་ཚོགས་དབུར་གདན་ཞུས་ལྟར་ཆིབས་བསྒྱུར་དང༌། གྲྭ་ཚང་གི་རྩོད་རྒྱུགས་འབུལ་བཞེས། གནས་མཆོག་རྡོ་རྗེ་གདན་དུ་སྐུ་མཚམས་དང་མཆོད་འབུལ། དུར་ཁྲོད་བསིལ་བའི་ཚལ་དང་འཇིགས་སུ་རུང་བའི་དུར་ཁྲོད་སོགས་སུ་གནས་གཟིགས་དང་བསང་གསོལ་འཕྲིན་བཅོལ་མཛད། 
༢ ཚོགས་འདུ་དང་མཛད་སྒོར་ཆིབས་བསྒྱུར་སྐོར། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་འགན་འཛིན་ཚོགས་ཆེན་ཐེངས་ ༣༩ པའི་སྐུ་མགྲོན་གཙོ་བོ་དང༌། མདོ་སྨད་བཙན་རྒོལ་བདེན་རྒྱབ་མནའ་འབྲེལ་གྱི་༼ས་བྱི་ཞི་རྒོལ་ཆེན་མོའི་༽ཕྱག་དེབ་དབུ་འབྱེད་མཛད་སྒོའི་སྐུ་མགྲོན་གཙོ་བོ། བཀའ་ཟུར་ལྷན་ཚོགས་སྔ་རྗེས། མདོ་སྨད་དམིགས་བསལ་ཚོགས་ཆེན་གྱི་སྐུ་མགྲོན་གཙོ་བོ། བོད་གཞུང་དམངས་ཀྱི་དམིགས་བསལ་ཚོགས་ཆེན་གྱི་ཚོགས་ཆུང་ལྔ་པའི་གཙོ་སྐྱོང་སོགས་སུ་གདན་ཞུས་ལྟར་ཆིབས་བསྒྱུར་གྱིས་བཀའ་སློབ་དང་གསུང་བཤད་བསྩལ།
༣ སྐུའི་འཕྲོད་བསྟེན་སྐོར། ཐའེ་ཝན་དང་ལྡི་ལིའི་སྨན་ཁང༌། མུ་ནཱ་ལིའི་ཆུ་ཚན་བཅས་སུ་སྐུའི་འཕྲོད་བསྟེན་ཆེད་ཕེབས་བཞུགས་མཛད།
༤ ལམ་སྟོན་བཀའ་སློབ་གནང་བའི་སྐོར། འདི་ག་བྱེས་པ་གྲྭ་ཚང་གི་འཛིན་སྐྱོང་དང༌། སློབ་སྦྱོང༌། འགྲིག་ལམ་སོགས་ཀྱི་སྐོར་གྲྭ་མང་ལ་བླང་དོར་ལམ་སྟོན་གྱི་བཀའ་སློབ་ཐེངས་ལྔ་དང༌། བྱེས་གྲྭ་ཚང་གི་བླ་སྤྲུལ་རྣམ་པ་དང༌། དགེ་རྩ་ཚོགས་པའི་རྒྱུན་ལས། གཟིམ་ཆུང་ཞབས་ཕྱི་བཅས་ལྷན་འཛོམས་ལ་ལམ་སྟོན་བཀའ་སློབ། རྒྱུན་ལས་ལྷན་རྒྱས་ལ་བཀའ་སློབ་ཐེངས་གསུམ། མུ་ནཱ་ལིའི་ས་གནས་བོད་རིགས་མི་མང་དང༌། པཱ་ཏི་ཀུལ་བོད་ཁྱིམ་ལག་ཤེས་སློབ་གྲྭའི་དགེ་སློབ་ལས་བྱེད་བཅས་སོ་སོར་བཀའ་སློབ། ཨ་རིའི་ VOA བརྙན་འཕྲིན་བརྒྱུད་གཞིས་བྱེས་བོད་མི་ཡོངས་ལ་ལམ་སྟོན་བཀའ་སློབ་ཟབ་རྒྱས་བསྩལ།
༥ བཀའ་འདྲི་བཀའ་ལན་བརྒྱུད་བླང་དོར་ལམ་སྟོན་དང་དགེ་སྐུལ་རྒྱ་ཆེན་གནང་བའི་སྐོར། ཚ་ཁོའི་མ་དགོན་དང༌། སྟག་ཚང་ལྷ་མོ་ཀིརྟི་དགོན། རྔ་པ་ཀིརྟི་དགོན། ཧོར་གཙང་ཀིརྟི་དགོན། ཚོ་བདུན་ཀིརྟིའི་དགོན། རྔ་སྨད་གདོང་རི་དགོན། གཅའ་དགོན་པ། ཀླུ་ཆུའི་རྨོག་རི་སྒར། འབྲིང་བའི་སུམ་མདོ་དགོན། རྐྱང་ཚའི་རྒྱལ་དགེ་དགོན། ཁམས་མགར་ཐར་དགོན། འདི་གའི་བྱེས་པ་གྲྭ་ཚང་དང་སུ་ཁེ་ཀིརྟི་དགོན་སོགས་འབྲེལ་ཡོད་དགོན་སྡེ་གྲྭ་ཚང་སྤྱི་སྒེར་དང༌། བཞག་སྡོམ་ཕྱུགས་ར། རྨེ་རུ་མ། ཚོ་བདུན་མཐའ་བ། རྐ་ཆུ་ཁ་བ། མཐའ་མ་སྐྱིད་སྐོར། འབྲིང་བའི་པུས་སྒང༌། འབྲུག་དཀར་གཙང་པོའི་རླངས་འཁོར་རུ་ཁག ཨ་ལྗོངས་དང་བ་དོའི་སྡེ་གཞུང་སོགས་འབྲེལ་ཡོད་ལྷ་སྡེ་སྤྱི་སྒེར་རྣམས་ནས་བཀའ་འདྲི་དགོངས་སྐོར་སྙན་སེང་ཞུས་པར་བཀའ་ལན་ལུགས་གཉིས་བླང་དོར་གྱི་ལམ་སྟོན་དང་དགེ་སྐུལ་རྒྱ་ཆེན་མཛད།
༦ ལས་སྣེ་བསྐོ་བཞག་གནང་སྐོར། ཕ་ཡུལ་གྱི་གདན་ས་གོང་འོག་གི་ལྷ་རམས་སྔགས་རམས་དང༌། ཞལ་ངོ༌། དབུ་མཛད། དགེ་རྒན་སོགས་གསར་བསྐོའི་འོས་གཞི་ཕུལ་འབྱོར་ལ་ཐུགས་དམ་དགོངས་དོན་ལྟར་བསྐོ་བཞག་མཛད།
༧ གསུང་རྩོམ་དང་གསུང་འཕྲིན་སྐོར། ཀིརྟི་ཚང་གི་ལོ་རྒྱུས་དེབ་ཐེར་སེར་པོའི་དབུ་ནས་ལེའུ་ལྔ་ཙམ་དང༌། ཀིརྟིའི་དགོན་ཁག་གི་རིག་གནས་འཛིན་གྲྭའི་སྔོན་འགྲོའི་སློབ་དེབ་བཞིའི་ཟིན་བྲིས། གཅའ་དགོན་མི་ཕམ་བྱམས་པ་གླིང་གི་བཅའ་ཡིག་དང༌། གདོང་རི་དགོན་དགེ་ལྡན་དམ་ཆོས་གླིང་གི་བཅའ་ཡིག་བཅས་ལྗགས་རྩོམ་གནང་གྲུབ་པ་དང༌། རྒྱལ་བ་ཀརྨ་པའི་རྣམ་ཐར་བྱམས་བརྩེ་དང་ཤེས་རབ་ཀྱི་སྐྱེས་བུ་ཞེས་པ་དང༌། བྱེས་གྲྭ་ཚང་གི་ཕར་ཕྱིན་ཁྱབ་མཐའི་དེབ་  ཐལ་ཕྲེང་ནོར་བུའི་དོ་ཤལ་ཞེས་པ་སོ་སོའི་དབུ་བརྗོད་བཀའ་ཤོག ཏྲེ་ཧོར་བཀའ་འགྱུར་རིན་པོ་ཆེའི་བོད་དོན་སྐོར་གྱི་གློག་བརྙན་ལ་རྒྱབ་གཉེར་གསུང་འཕྲིན། ཧོར་གཙང་ཨོ་སོ་སྡེ་བའི་ཁ་མཆུ་འདུམ་འགྲིག་དགོས་པའི་བཀའ་ཤོག་སོགས་བཀའ་ཤོག་དང་གསུང་འཕྲིན་དུ་མ་བསྩལ་གནང་མཛད།
༨ དམིགས་བསལ་མཇལ་འཕྲད་སྐོར། སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་དང༌། ྋསྐྱབས་རྗེ་ཡོངས་འཛིན་གླིང་མཆོག་སྤྲུལ་རིན་པོ་ཆེ། སྐྱབས་རྗེ་ཤིང་བཟའ་རིན་པོ་ཆེ། སྐྱབས་རྗེ་གཙོས་གསེར་ཁྲི་རིན་པོ་ཆེ། ཏྲེ་ཧོར་བཀའ་འགྱུར་རིན་པོ་ཆེ། སྐུའི་གཅེན་པོ་སྐུ་ངོ་རྒྱལ་ལོ་དོན་འགྲུབ། ྋགོང་ས་མཆོག་གི་དམིགས་བསལ་སྐུ་ཚབ་རྒྱ་རི་བློ་གྲོས་རྒྱལ་མཚན། མཧཱ་བྷོ་དྷི་བྱང་ཆུབ་ཆོས་ཚོགས་ཀྱི་དྲུང་ཆེ་སྣང་མཛད་རྡོ་རྗེ། བཀའ་ཟུར་ཨ་ལགས་འཇིགས་མེད། བཀའ་ཟུར་བློ་བཟང་དར་རྒྱས། སྤྱི་འཐུས་ཚོགས་གཞོན་རྒྱ་རི་སྒྲོལ་མ། ཧིན་དྷུའི་བུད་མེད་བླ་མ་ཨ་ནན་ཏ་གུ་རུ་མ་སོགས་གནད་ཡོད་མི་སྣ་དུ་མར་དམིགས་བསལ་གྱིས་མཇལ་འཕྲད་བཀའ་མོལ་གནང༌།
༩ དམིགས་བསལ་གསོལ་རས་གནང་བའི་སྐོར། ྋསྐྱབས་རྗེ་ཤིང་བཟའ་རིན་པོ་ཆེ་ཞི་བའི་གོམ་བགྲོད་དུ་ཕེབས་སྐབས་འཚམས་ཞུའི་མི་སྣ་ཆེད་གཏོང་དང་འབྲེལ་སྐུ་ཆས་དང་ཕྱག་དངུལ་འབུལ་གནང༌། ྋསྐྱབས་རྗེ་གཙོས་གསེར་ཁྲི་རིན་པོ་ཆེའི་མ་ཡུམ་འདས་གྲོངས་སྐབས་རྒྱུན་ལས་རྣམས་ཆེད་བཅར་གྱིས་ཐུགས་གསོའི་ཆེད་ཕྱག་དངུལ་མཇལ་དར་ཕུལ། གྲྭ་ཚང་གི་བླ་སྤྲུལ་རྣམ་པ་དང་གཟིམ་ཆུང་ཞབས་ཕྱི་རྣམས་ལ་ཉེར་མཁོའི་ན་བཟའ་སོགས་གསོལ་རས། གྲྭ་ཚང་གི་སློབ་ཐོན་པ་རྣམས་ལ་གནས་སྐོར་སྐབས་ཕྱག་དངུལ་གསོལ་རས། རྡོར་གདན་དུ་བླ་སྤྲུལ་དང་ཞབས་ཕྱི། འབྲེལ་ཡོད་སྦྱིན་བདག་དང་དེར་ཡོད་གྲྭ་པ་འགའ་ཤས་བཅས་ལ་ལོ་སར་ཆེད་ཕྱག་དངུལ་གསོལ་རས་བསྩལ།
གཉིས་པ། འཛུགས་སྐྲུན་སྐོར།༡ དབུས་སྤྱི་ཁྱབ་ལས་ཁུངས་གསར་རྒྱག་བྱས་པ་ལེགས་པར་གྲུབ།
༢ གྲྭ་ཚང་གི་རྩོམ་སྒྲིག་སྡེ་ཚན་དང་གློག་ཀླད་སྦྱོང་བརྡར་ཁང་གཉིས་དཔེ་མཛོད་ཁྱམས་ཐོག་ཏུ་སྤོར་ཡུལ་གྲྭ་ཚང་དང་མཉམ་འབྲེལ་གྱིས་གསར་བཟོ་ལེགས་པར་གྲུབ།
༣ ཁོང་རིན་པོ་ཆེའི་སྐུའི་འཕྲོད་བསྟེན་ཆེད་རྡ་སའི་ཉེ་འཁོར་དུ་གཟིམ་ཆུང་གསར་བཞེངས་བྱེད་ཡུལ་ས་ཆ་ཁག ༡༨ ཙམ་རྩད་ཞིབ་ཀྱིས་ཁོང་རིན་པོ་ཆེར་གཟིགས་འབུལ་ཞུས་ཡོད་པ་དང༌། ད་ཆ་ཁོང་རིན་པོ་ཆེའི་ཐུགས་དགོངས་བཞིན་གྲྭ་ཚང་འཁྲིས་ཀྱི་ཁམས་སྤྲུལ་རིན་པོ་ཆེའི་གཟིམ་ཤག་དེ་ཉོ་རྒྱུའི་ཐོག་གྲོས་བསྡུར་བྱེད་མུས་ཡིན།
གསུམ་པ། དཔར་སྐྲུན་དང་དྲ་རྒྱའི་སྐོར།༡ དགེ་རྩ་ཚོགས་པ་དབུ་བརྙེས་པའི་མཛད་སྒོ་དང་སྐབས་དང་པོའི་ཚོགས་འདུའི་སྐོར་གྱི་བརྙན་འཁོར་བཟོ་སྐྲུན་ལེགས་པར་གྲུབ།
༢ ཚོགས་འདུའི་སྐོར་གྱི་ཡིག་ཆ་ཕྱོགས་བསྒྲིགས་ཀྱི་དེབ་ཀྱི་པར་རྩ་བཟོས་ཏེ་དཔར་ཆོག་ཏུ་ཡོད།
༣ དགེ་རྩ་ཚོགས་པའི་སྒྲིག་གཞི་དབྱིན་བསྒྱུར་བྱས་ཟིན་ཏེ་ད་ཆ་ཞུ་དག་བྱེད་བཞིན་པར་མ་ཟད་རྒྱ་ཡིག་ཏུ་བསྒྱུར་འགོ་བརྩམས་ཟིན་ཡོད།
༤ བོད་དབྱིན་རྒྱ་གསུམ་ཤན་སྦྱར་གྱི་དགེ་རྩ་ཚོགས་པ་ངོ་སྤྲོད་ཀྱི་དེབ་ཆུང་ཞིག་བཟོ་འཆར་ཡོད་པ་བཞིན་ད་ཆ་དཔར་ཆོག་ཏུ་ཡོད་ནའང་དང་པོ་དགེ་རྩ་ཚོགས་པ་དཻབ་སྐྱེལ་གྱིས་དབྱིན་ཡིག་ཐོག་ཚོགས་པའི་མིང་གཏན་འཁེལ་དགོས་པས་ལས་མཇུག་ལྷག་ཡོད།
༥ དྲ་རྒྱའི་སྐོར་བོད་དབྱིན་རྒྱ་གསུམ་གྱི་ཐོག་བཟོ་འཆར་བྱས་ཏེ་ཆེད་ལས་མི་སྣ་མང་པོ་ཞིག་ལ་འདྲི་རྟོག་བྱས་ཀྱང་ཐོག་མར་དབྱིན་ཡིག་ཐོག་གི་མིང་གཏན་ཁེལ་བྱེད་དགོས་པས་ལྷག་ཡོད།
བཞི་པ། རོགས་སྐྱོར་སྐོར།༡ བོད་གཞུང་ཤེས་རིག་ལས་ཁུངས་བརྒྱུད་སློབ་ཕྲུག་གཅིག་ལ་ལོ་གཅིག་གི་སློབ་ཡོན་ཆེད་རོགས་སྐྱོར་ཞལ་འདེབས་ཧིན་སྒོར་ ༡༥༠༠༠།༠༠ ཕུལ་ཡོད།
༢ བོད་གཞུང་འཕྲོད་བསྟེན་ལས་ཁུངས་བརྒྱུད་ཛ་དྲག་སྨན་བཅོས་ཀྱི་མཐུན་རྐྱེན་ཆེད་རོགས་རམ་ཞལ་འདེབས་ཧིན་སྒོར་ ༡༥༠༠༠།༠༠ ཕུལ་ཡོད།
༣ རྡ་ས་རྒས་གསོ་ཁང་གི་སྤྱི་ཐབ་ཏུ་ཧ་ཡང་ཆེ་བ་གཅིག་གསར་དུ་ཉོས་ཏེ་འབུལ་ལམ་དང༌། རྒས་འཁོགས་ཉམ་ཐག་གྲངས་ ༢༢ ལ་འཚོ་སྣོན་སྒོར་ ༡༠༠ རེ་བསྡོམས་ ༢༢༠༠།༠༠ ཕུལ་ཡོད།
༤ འབྲེལ་ཡོད་རྒན་འཁོགས་བདག་མེད་རྡོ་རྗེ་གླིང་གི་རྒས་གསོ་ཁང་དུ་གནས་སྡོད་ཚ་སྡེ་སྦྱིན་པ་ལགས་ལ་ལོ་གཅིག་རིང་ཟླ་རེར་འཚོ་སྣོན་སྒོར་ ༥༠༠ རེ་བསྡོམས་ ༦༠༠༠།༠༠ ཕུལ་ཡོད།
༤ མཚོ་སྔོན་ཆབ་ཆ་ནས་ཡིན་པ་གསར་འབྱོར་པ་བསོད་ནམས་རྒྱལ་ལ་རྐང་པ་སྨན་བཅོས་ཆེད་དམིགས་བསལ་རོགས་རམ་ཧིན་སྒོར་ ༥༠༠༠།༠༠ གནང་ཡོད་པ་བཅས།
ལྔ་པ། མཆོད་འབུལ་སྐོར།༡ སྔ་ལོར་བོད་ནང་ངོ་རྒོལ་ལས་འགུལ་གྱི་ཛ་དྲག་དོན་རྐྱེན་སྐབས་འདས་གྲོངས་སུ་གྱུར་པ་འབྲེལ་ཡོད་སེར་སྐྱ་རྣམས་ཀྱིས་གཙོས་རྨས་མ་དང༌། བཙོན་མ། རི་ལ་བྲོས་པ་སོགས་དཀའ་སྡུག་དང་མནར་གཅོད་མྱངས་དང་མྱོང་བཞིན་པ་རྣམས་ཀྱི་ཆེད་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་རྒྱལ་བའི་དབང་པོ་མཆོག་དང༌། ས་སྐྱ་གོང་མ་རིན་པོ་ཆེ། རྒྱལ་བ་ཀརྨ་པ་རིན་པོ་ཆེ། དེ་བཞིན་ཆོས་བརྒྱུད་རིས་མེད་ཀྱི་གདན་ས་ཆེ་ཁག་ལྷོ་ཕྱོགས་སེ་འབྲས་དགེ་གསུམ། རྒྱུད་གྲྭ་སྟོད་སྨད། བཀྲིས་ལྷུན་པོ། རྙིང་མའི་རྣམ་གྲོལ་གླིང༌། སྡེ་ར་རྗོང་ས་སྐྱའི་མ་དགོན༌། བྷིར་བཀའ་བརྒྱུད་ཤེས་རབ་གླིང༌། སིམ་ལ་ཇོ་ནང་རྟག་བརྟན་གླིང༌། སིམ་ལ་བོན་དགོན་སྨན་རི་གླིང༌། རྡ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་འདུས་ཚོགས་བཅས་ལ་བསྔོ་རྟེན་དང་སྐྱབས་རྟེན་བཅས་ཀྱི་བསྙེན་བཀུར་མཆོད་འབུལ་ཞུས།
དྲུག་པ། ཞབས་བརྟན་སྐོར།༡ ཁོང་རིན་པོ་ཆེའི་ཞབས་བརྟན་སྐོར་ྋགོང་ས་ྋསྐྱབས་མགོན་རྒྱལ་བའི་དབང་པོ་མཆོག་དང་ས་སྐྱ་གོང་མ་རིན་པོ་ཆེ་རྣམ་གཉིས་ཀྱི་ཐུགས་དམ་བཀའ་ལན་ཇི་ཕེབས་ཀྱི་ཞབས་རིམ་ཁག་འདི་གའི་བྱེས་གྲྭ་ཚང་དང་ཕ་ཡུལ་གྱི་འབྲེལ་ཡོད་དགོན་པ་ཁག་ནས་སྨིན་སྒྲུབ་ཞུས་ཟིན་པ་དང༌། འདི་ལོར་ཡང་ས་སྐྱ་གོང་མ་བདག་ཁྲི་རིན་པོ་ཆེར་ཁོང་རིན་པོ་ཆེའི་སྐུའི་ཞབས་རིམ་དང་འབྲེལ་ཡོད་དགོན་གྲོང་གི་བྱ་བ་ལམ་ལྷོང་ཆེད་ཐུགས་དམ་བཀའ་ལུང་ཞུས་ཕེབས་ཟིན་པ་བཅས།
               བདུན་པ། ལས་བྱེད་བསྐོ་བཞག་སྐོར།
༡ དབུས་སྤྱི་ཁྱབ་ལས་ཁུངས་སུ་ཚོད་ལྟའི་དབྱིན་དྲུང་ཞིག་དང༌། གློག་ཀླད་ལས་བྱེད་དང་ལས་ཁུངས་དོ་དམ་པ་གཅིག་ལྕོགས་ཤིག དགེ་རྩ་ཚོགས་པའི་བཅའ་དངོས་དོ་དམ་པ་ཞིག་བཅས་མེད་ཐབས་མེད་པར་བརྟེན་གསར་དུ་བསྐོ་བཞག་བྱས།
བརྒྱད་པ། ལས་མཇུག་ལྷག་པ།༡ དགེ་རྩ་ཚོགས་པའི་དབུ་འབྱེད་མཛད་སྒོ་དང་སྐབས་དང་པོའི་ཚོགས་འདུ་ཁག་གི་ཡིག་ཆ་ཕྱོགས་བསྒྲིགས་ཀྱི་ཆེད་དེབ་དཔར་བསྐྲུན་བྱེད་རྒྱུ།
༢ དགེ་རྩ་ཚོགས་པའི་སྒྲིག་གཞི་དབྱིན་རྒྱ་གང་རུང་ཞིག་ཏུ་བསྒྱུར་ཐབས་སམ་ཡང་ན་དགེ་རྩ་ཚོགས་པ་ངོ་སྤྲོད་ཀྱི་དྲ་རྒྱ་ཞིག་ཆེད་བཟོ་བྱ་རྒྱུ།
༣ ཁོང་རིན་པོ་ཆེའི་སྐུའི་འཕྲོད་བསྟེན་ཆེད་རྡ་སའི་ཉེ་འཁོར་ཞིག་ཏུ་གཟིམ་ཆུང་ངམ་སྤྲོ་སངས་བཞུགས་གནས་ཤིག་གསར་བཞེངས་བྱེད་རྒྱུ།
༤ དགེ་རྩ་ཚོགས་པ་བརྟན་པོ་ཡོང་ཆེད་རྒྱ་གར་གཞུང་དང་བོད་གཞུང་ལ་དེབ་སྐྱེལ་བྱེད་ཕྱོགས་ཇི་དགེ་ཐག་གཅོད་ཀྱིས་དེབ་སྐྱེལ་ཞུ་རྒྱུ་དང༌། ཁོང་རིན་པོ་ཆེའི་མཚན་ཐོག་ཡོད་པའི་དངུལ་དངོས་མཁར་དབང་སོགས་དགེ་རྩ་ཚོགས་པར་བདག་ཐབས་ཁྲིམས་མཐུན་ཡིག་ཆ་བཟོ་རྒྱུ།
༥༽ དགེ་རྩ་ཚོགས་པའི་ཁོངས་སུ་འཛུལ་ཞུགས་བྱེད་ཕྱོགས་དང༌། ཚོགས་མིར་ངོས་འཛིན་བྱེད་སྟངས་ཀྱི་འགྲོ་ལམ་གསལ་པོ་བཟོ་རྒྱུ་རྣམས་ཀྱི་ལས་མཇུག་ལྷག་ཡོད་པ་བཅས་ཀྱི་ལས་བསྡོམས་མདོར་བསྡུས་སུ།