ཕག་འཆམ་ནད་ཡམས་ཀྱི་ཉེན་ཁ།

    ཕག་འཆམ་ནད་ཡམས་འདིའི་འབྱུང་ཁུངས་གཙོ་བོ་ནི་ཕག་པའི་ནད་རིགས་ཤིག་ཡིན་པ་དང༌། དེ་ཡང་གཙོ་བོ་མིས་བདག་ཏུ་བཟུང་བའི་ཕག་པ་བརྒྱ་ཕྲག་མང་པོ་མཉམ་དུ་གསོ་ཉར་བྱས་ཡོད་པའི་རིགས་ལས་ནད་ཡམས་འདི་ཡོང་གི་ཡོད་པ་ལས། རི་ཕག་སོགས་མིའི་བདག་ཏུ་མ་བཟུང་བའི་རིགས་ལ་ནད་ཡམས་འདི་ཡོང་བ་དཀོན་པོ་ཡིན་པ་རེད། ཕག་པ་མང་པོ་གསོ་ཉར་བྱེད་སའི་ཁོར་ཡུག་ཧ་ཅང་རྫོབ་པོ་ཡིན་པ་ལ་བརྟེན་ནས་ཕག་པ་ལ་འཆམ་ནད་བྱུང་ཡོད་པ་དང༌། འཆམ་ནད་འདི་མཆིལ་མ་བརྒྱུད་ནས་སྲིན་འབུ་རྣམས་འགྲོ་བ་མིའི་གཟུགས་གཞིའི་ནང་ཧ་ཅང་འགོ་བདེ་པོ་ཡོད་པ་རེད།
    དེ་ཡང་ཕག་གསོ་ཁང་དུ་ལས་ཀ་བྱེད་མཁན་གྱི་ལས་མི་ཚོས་ཕག་པ་དང་ཉེ་ས་ནས་ལས་ཀ་བྱེད་སྐབས། ཕག་པའི་མཆིལ་མ་དང་ཁ་ནས་ཡོང་བའི་རློན་རིགས་སོགས་ལ་ལག་པ་རེག་ནས་རང་ཉིད་ཀྱི་ཁ་དང་སྣ་ཁུང་མིག་བཅས་ལ་རེག་སྐབས། སྲིན་འབུ་འདི་མིའི་གཟུགས་གཞིའི་ནང་མི་མངོན་པའི་ཚུལ་གྱི་འགྲོ་ཡི་ཡོད་པ་དང༌། དེ་ནས་མི་ཕན་ཚུན་གྱི་མཆིལ་མ་བརྒྱུད་ནས་ནད་གཞི་འདི་འགོ་ཧ་ཅང་མགྱོགས་པོ་ཡིན་འདུག དེ་ལས་གཞན་པ་གློ་རྒྱག་པ་དང་ཧབ་སྦྲིད་རྒྱག་པ། ན་ཚ་ཡོད་མཁན་གྱིས་ཁ་ལག་བཟོས་ན་འགོས་ཀྱི་ཡོད་ལ། རློན་གཤེར་གྱི་རིགས་མཆིལ་མ་སོགས་ནད་གཞི་འགོས་པའི་རྒྱུ་རྐྱེན་གཙོ་བོ་དེ་ཆགས་ཡོད་པ་དང༌། མི་རྒན་པར་ན་ཚ་དེ་གསར་དུ་ན་སྐབས་ཉིན་གྲངས་༥ ནང་མི་གཞན་ལ་འགོ་འགྲོ་བའི་ཉེན་ཁ་ཧ་ཅང་ཆེན་པོ་ཡིན་པ་རེད། རྒྱུ་མཚན་ནི་ནད་ཡམས་དེའི་སྲིན་འབུ་རྣམས་གཟུགས་པོའི་ཕྱི་རོལ་དུ་འདོན་པ་ལ་མྱུར་པོ་ཡིན་པ་དང༌། ཕྲུ་གུའི་རིགས་ལ་ན་ཚ་འདི་ཡོད་ན་ཉིན་གྲངས་༡༠ ནང་མི་གཞན་ལ་འགོ་བའི་ཉེན་ཁ་ཆེན་པོ་ཡོད་པའི་གནས་ཚུལ་ཁྱབ་བསྒྲགས་བྱས་ཡོད་པ་རེད།   
    ན་ཚ་སྔོན་འགོག་གི་ཐབས་ལམ་བཟང་ཤོས་ནི་ཕག་གསོ་ཁང་དང་འབྲེལ་ཡོད་ཀྱི་ལས་མི་རྣམས་ཀྱིས་ལག་ཤུབ་དང་ཁ་རས་གཙང་མ་གོན་དགོས་པ་དང༌། ན་ཚ་ཡོད་མཁན་གྱིས་གློ་རྒྱག་པ་དང་ཧབ་སྦྲིད་རྒྱག་སྐབས་ཐག་རིང་ས་ནས་སྡོད་པ། ཐ་མག་འཐུང་རེས་མི་བྱེད་པ། འོ་སྤྲད་པ་སོགས་གཏན་ནས་བྱེད་མི་རུང༌།     མི་ལ་ནད་ཡམས་གསར་དུ་འགོ་སྐབས་ནད་རྟགས་ཁ་ཤས་ཀྱི་ཡོང་གི་ཡོད་ནའང༌། རྒྱུན་ལྡན་གྱི་འཆམ་ནད    ་དང་ཕག་འཆམ་ནད་ཡམས་ཀྱི་འཆམ་ནད་གཉིས་དབར་དབྱེ་བ་ཕྱེ་རྒྱུ་ཧ་ཅང་ཁག་པོ་ཡིན་པ་རེད།
    ཕག་འཆམ་ནད་ཡམས་ཀྱི་འཆམ་ནད་ཡོད་ན་སྐྱུག་པ་བསྐྱུགས་པ་དང་གྲོད་ཁོག་བཤལ་བ། མིད་པ་ལ་རང་བཞིན་གྱིས་རྨ་ཆགས་པ། ལུས་ལ་ཚ་བ་འབར་བ། གློ་རྒྱག་པ། ཧབ་སྦྲིད་རྒྱག་པ། དབུགས་འབྱིན་རྔུབ་རྒྱུན་ལྡན་མ་ཡིན་པ། ཁ་ལག་གི་དང་ག་སྐྱོ་རུ་འགྲོ་བ། གཟུགས་གཞི་ཉིན་རེ་ནས་སྐྱོ་རུ་འགྲོ་མགྱོགས་པོ་ཡོད་པ་བཅས་ཡིན་ཞིང༌། ནད་རྟགས་འདིའི་རིགས་འགའ་ཤས་རྒྱུན་ལྡན་གྱི་འཆམ་ནད་ལ་ཡོད་ནའང༌། ནད་རྟགས་མང་ཆེ་བ་གཟུགས་གཞི་ལ་འཛོམས་ན་ངེས་པར་དུ་སྨན་ཁང་དུ་འགྲོ་དགོས་པའི་ཁྱབ་བསྒྲགས་བྱས་ཡོད་པ་རེད།
    སྤྱིར་ནད་ཡམས་འདི་ཕྱི་ལོ་༡༩༡༨ དང་༡༩༧༩ ༡༩༨༨ ༡༩༩༨ ༢༠༠༧ བཅས་ལ་ཁྱབ་བརྡལ་སོང་སྟེ་ན་མཁན་རེ་འགའ་བྱུང་མྱོང་ཡོད་ནའང༌། སྔོན་དུས་ཀྱི་སྲིན་འབུ་དང་བསྡུར་ན་༢༠༠༩ ཕག་འཆམ་ནད་ཡམས་ཀྱི་སྲིན་འབུ་འཕེལ་ཁ་ཆེན་པོ་ཆགས་ཡོད་པ་དང༌། སྔོན་དུས་སུ་བེད་སྤྱད་པའི་སྨན་རིགས་ཀྱིས་ཉེ་དུས་བྱུང་བའི་ཕག་འཆམ་ནད་ཡམས་ཀྱི་ན་ཚ་སྨན་བཅོས་བྱེད་ཐུབ་ཀྱི་མེད་པས། ཉིན་གྲངས་འགའི་སྔོན་ནས་རྒྱལ་ཁབ་མང་པོའི་སྨན་པ་དང་ཚན་རིགས་པ་སོགས་འཛོམས་ནས་སྨན་བཅོས་ཀྱི་ཐབས་ལམ་ལ་གྲོས་བསྡུར་བྱེད་བཞིན་ཡོད་པའི་གནས་ཚུལ་ཐོན་ཡོད་པ་རེད།
    མེག་སི་ཁོ་རྒྱལ་ཁབ་ནས་འགོ་བཙུགས་ཏེ་དེང་སྐབས་ནུབ་ཕྱོགས་ཀྱི་རྒྱལ་ཁབ་མང་པོར་ན་ཚ་འདི་ཁྱབ་བརྡལ་ཕྱིན་ཟིན་པ་དང༌། ཟླ་འདིའི་ཚེས་༡ ནས་ཧོང་ཀོང་དང་ལྷོ་ཀོ་རི་ཡ་སོགས་ནས་ནད་ཡམས་ཁྱབ་བརྡལ་གྱི་སྔོན་འགོག་ལས་གཞི་འགོ་འཛུགས་ཟིན་པ་དང༌། དམིགས་བསལ་གྱི་རྒྱ་ནག་ཏུ་ཕག་ཤའི་ཟས་རིགས་སྣ་ཚོགས་བེད་སྤྱོད་ཆེན་པོ་ཡོད་པར་བརྟེན། ཕག་གསོ་ཁང་ཧ་ཅང་མང་པོ་ཡོད་པས་ནད་ཡམས་འདི་ཁྱབ་བརྡལ་འགྲོ་བ་ཉེན་ཁ་ཆེ་ཚུལ་བརྗོད་བཞིན་ཡོད་པ་དང༌། བོད་ལྟ་བུ་ས་མཐོན་པོ་དང་གནམ་གཤིས་གྲང་ངར་ཆེ་བའི་རིགས་ལ་ནད་ཡམས་འདི་ཁྱབ་བརྡལ་འགྲོ་རྒྱུའི་ཉེན་ཁ་དེ་ཙམ་མེད་ཚུལ་ཡང་གསར་ལམ་ཁག་ནས་ཁྱབ་བསྒྲགས་བྱས་ཡོད་པ་རེད།
    ཟླ་འདིའི་ཚེས་༢ ཉིན་མེག་སི་ཁོ་གཞུང་འབྲེལ་གྱི་གསལ་བསྒྲགས་ནང་མི་གྲངས་༣༨༠ ནད་ཡམས་འདིས་རྐྱེན་བྱས་ཏེ་སྲོག་ཤོར་ཡོད་ཚུལ་དང་མང་ཆེ་བ་བུད་མེད་ཡིན་པའི་ཁྱབ་བསྒྲགས་བྱས་ཡོད་པ་རེད།    དེ་བཞིན་ཁེ་ན་ཌ་དང་སི་པན་སོགས་སུའང་ཕག་འཆམ་ནད་ཡམས་འདི་ཁྱབ་བརྡལ་ཤུགས་ཆེར་འགྲོ་བཞིན་ཡོད་པས། སློབ་གྲྭ་སོགས་མི་མང་འདུ་འཛོམས་ཀྱི་ལྟེ་གནས་ཁང་མང་པོ་སྒོ་རྒྱག་བཞིན་ཡོད་པའི་གནས་ཚུལ་ཐོན་ཡོད་པ་རེད།།