ཆབ་སྲིད་བཙོན་པ་གྲྭ་བཀྲ་བྷེའི་གནས་སྟངས།
དེ་ཡང་རྒྱལ་སྤྱིས་དོ་སྣང་བྱེད་ཆེད་ཡིན་ཞེས་ཁོང་རང་གིས་ངོས་ལེན་བྱས་སོང་ཟེར་ནས་རྒྱ་ནག་གཞུང་འབྲེལ་ཞིན་ཧྭ་གསར་འགྱུར་དུ་ཕྱི་ལོ་ ༢༠༠༩ ཟླ་ ༣ ཚེས་ ༥ ཉིན་བཏང་འདུག་པ་འདིས་ཁོང་འཛིན་བཟུང་བྱས་པའི་བདེན་དཔང་གསལ་སྟོན་བྱེད་ཀྱིན་ཡོད་པ་རེད།
དེ་བཞིན་རྔ་པ་ཀིརྟི་དགོན་གྱི་གྲྭ་བཀྲ་བྷེ་ལགས་ཀྱིས་དེ་སྔོན་རང་སྲོག་བློས་གཏོང་གིས་བོད་བསྟན་པ་ཆབ་སྲིད་ཀྱི་ཡ་ང་བའི་གནས་སྟངས་ལ་བདེན་དཔང་བྱས་ཡོད་པ་གཟུར་གནས་ཀུན་ཀྱི་མཁྱེན་གསལ་ལྟར་ལགས་ཤིང༌། རྒྱ་ནག་གཞུང་གིས་ཁོང་ལ་མེ་མདའ་རྒྱབ་པའི་དཔང་རྟགས་མེད་པར་བཟོ་ཆེད་དེ་སྔོན་སྨན་ཁང་དུ་ཁོང་གི་རྐང་ལག་མ་བཅད་ན་སྲོག་ལ་ཉེན་ཁ་ཡོད་ཚུལ་གྱི་བརྡ་གསལ་བོ་བསྟན་ཡོད་ཀྱང་རྒྱལ་སྤྱིའི་གནོད་ཤུགས་དང༌། འབྲེལ་ཡོད་མི་སྣས་ངོས་ལེན་མ་བྱས་པ་སོགས་ཀྱིས་ཁོང་གི་རྐང་ལག་གཅོད་ཐུབ་མེད་མོད། ད་ཆ་ཁོང་སི་ཁྲོན་ཞིང་ཆེན་གྱི་སྨན་ཁང་ཞིག་ཏུ་ཡོད་ཚུལ་ཙམ་ལས་འབྲེལ་ཡོད་ཚོར་ཐུག་འཇུག་གི་མེད་པ་དང༌། དེ་སྔོན་གྱི་ཁོང་གི་གཟུགས་པོའི་གནས་སྟངས་ལ་དཔག་ན་དེང་སྐབས་ཁོང་སྨན་ཁང་ནས་ཐོན་ཐུབ་པའི་ཚད་དུ་ཡོད་ཀྱང་གཏོང་གི་མེད་པ་སོགས་ཀྱིས་ཁོང་གི་ལུས་ལ་མེ་མདའ་རྒྱབ་པའི་རྨ་ཤུལ་ཡོད་སྟབས་ཁོང་ནང་མིར་རྩིས་སྤྲོད་བྱེད་མིན་གྱི་དོགས་པ་ཞིག་རང་བཞིན་གྱིས་སླེབས་ཡོང་གི་ཡོད་པས་བཞུགས་སྒར་ཀིརྟིའི་བྱེས་པ་གྲྭ་ཚང་གི་ཛ་དྲག་འབྲེལ་མཐུད་ཚོགས་ཆུང་གིས་མཁོ་སྤྲོད་གནང་བྱུང།།