ང་ཚོར་བདེན་པ་ཡོད་པས་རྒྱག་རེས་རྒྱག་དགོས་པ་མ་རེད།
ྋགོང་ས་མཆོག་ཐེངས་འདིར་ཨ་རིར་ཆིབས་བསྒྱུར་གནང་བ་དང་སྟབས་བསྟུན་ནས། ཟླ་འདིའི་ཚེས་༣ ཉིན་བོད་པ་ཚོར་བཀའ་སློབ་གནང་དོན། ང་ཨ་རིར་སླེབས་ནས་བདུན་ཕྲག་གཉིས་མ་ཟིན་ཙམ་འགྲོ་ཡི་ཡོད་པ་རེད། གྲ་འགྲིག་པོ་ཞེ་དྲག་བྱུང། དེ་རིང་ཁྱེད་རང་ཚོར་ཐུག་པ་དང། ང་རང་ཚོ་ནིའུ་ཡོག་ནས་ཐུག་པའི་སྐབས་དགའ་དགའ་སྤྲོ་སྤྲོ་བྱས་ནས་སྡོད་ཀྱི་ཡོད་པ་རེད་མོད། ང་ཚོའི་གནས་སྟངས་དེ་བཙན་བྱོལ་བ་ཆགས་བསྡད་ཡོད་པ་མ་ཟད། སོ་སོའི་ལུང་པའི་ནང་དུ་དེ་རིང་ཁ་སང་ཧ་ལས་པའི་རྒྱ་ནག་གུང་ཁྲན་གཞུང་གིས་གདུག་རྩུབ་ཆེན་པོའི་སྲིད་བྱུས་ཤིག་འཛིན་གྱི་འདུག བོད་མི་རིགས་གནའ་རབས་ཀྱི་རིག་གཞུང་བདག་གཅེས་ཅན་གྱི་མི་རིགས་དེར་ཧ་ལམ་སྲོག་གི་ཆད་པ་ཕོག་པའི་བཟོ་འདྲ་བྱས་ནས་བསྡད་བསྡད་ཡོད་ཅེས་ངས་བཤད་བསྡད་ཡོད། གུང་ཁྲན་གུ་དོག་པོ་དེ་ཚོའི་བསམ་བློའི་ནང་ཇི་ཙམ་གྱི་ཆོས་དང་རིག་གཞུང། བོད་མིའི་རྣམ་པ་ག་ཚོད་ཡོད་པ་དེ་རྒྱལ་ཁབ་ཁ་བྲལ་འགྲོ་བའི་ཉེན་ཁ་ལ་བརྩིས་ནས། དེ་མེད་པ་བཟོ་ཡི་འདུག བོད་མི་རྒྱ་མི་ཞིག་ལ་བསྒྱུར་ཐུབ་ན་མཐའ་གཅིག་ཏུ་རྒྱལ་ཁབ་ཁ་བྲལ་མི་ཡོང་བ་དང། བོད་པ་བོད་པའི་རྣམ་པར་བསྡད་ན་རྒྱལ་ཁབ་ཁ་བྲལ་འགྲོ་བའི་ཉེན་ཁ་འདུག་བསམས་ནས་བསམ་བློ་གུ་དོག་པོ། མིག་རྒྱང་ཐུང་ཐུང་དེ་འདྲའི་སྲིད་བྱུས་འཛིན་གྱི་འདུག
ང་ཚོ་དཀའ་ངལ་ཆེ་ཤོས་ཀྱི་དུས་ཚོད་ལ་སླེབས་བསྡད་ཡོད་པ་རེད། ཡིན་ནའང་བོད་ཆོལ་ཁ་གསུམ་ས་ཁུལ་ཡོངས་སུ་རྫོགས་པ་ནས་ལྷག་བསམ་སྙིང་སྟོབས་ག་འདྲ་ཞིག་སྟོན་གྱི་འདུག དེ་ང་ཚོ་ཚང་མས་མཐོང་བསྡད་པ་དེ་རེད། ཧ་ལས་པ་རེད་འདུག ཉེ་བའི་ཆར་བོད་ནས་ཡོང་མཁན་ཞིག་ལ་ཐུག་སོང། ང་ཚོ་བོད་གཞིས་ལུས་རྒྱ་ཆེའི་མི་མང་ལ་རྒྱ་དམར་གྱིས་གདུག་རྩུབ་ཇི་ཙམ་བྱས་པ་དེ་ཙམ་གྱིས་ང་ཚོའི་སྙིང་སྟོབས་ཆེ་རུ་འགྲོ་ཡི་ཡོད་མ་གཏོགས། སྙིང་སྟོབས་ཞུམ་གྱི་མེད་ཟེར་གྱི་འདུག ང་ལ་དགའ་བོ་འདྲ་བྱས་ནས་ྋརྒྱལ་བ་རིན་པོ་ཆེ་ཐུགས་ལྷོད་ལྷོད་བྱས་ནས་བཞུགས་རོགས། སྐུ་གཟུགས་ཐུགས་འཇགས་གནང་རོགས་ཟེར་གྱི་འདུག གང་ལྟར་བོད་རྒྱ་ཆེའི་མི་མང་གི་སྙིང་སྟོབས་སེམས་ཤུགས་བསྡད་ཡོད་པ་རེད། དེ་འདྲ་ལ་བརྟེན་ནས། རྒྱ་མིའི་དམག་མི་ཕོན་ཆེན་པོ་དབོར་དགོས་བྱུང་སོང། ས་ཆ་གང་སར་དྲག་པོའི་དམ་དྲག་ཤུགས་ཆེན་པོ་བྱེད་འདོད་ཡོད་པ་མ་རེད་དེ། མ་བྱས་རང་བྱས་ཆགས་ནས། བོད་ལ་ལྟ་སྐོར་འགྲོ་མཁན་གཏོང་གི་ཡོད་པ་མ་རེད་མོད། རེ་ཟུང་བཏང་བ་ལ་ཡང་དམ་དྲག་ཞེ་དྲག་བྱེད་དགོས་པ་ཆགས། གཞུང་འབྲེལ་ཚགས་ཤོག་ནང་ག་ཚོད་ཐུབ་ཐུབ་སྐྱོན་འགེབས་རྒྱུ་ཞེ་དྲག་བྱས་བསྡད་ཡོད་པ་རེད་མོད། ཉི་ཤར་སྦར་མོས་མ་ཁེབས་ཟེར་བ་དེ་རེད། བདེན་པ་འགེབས་ཐུབ་རྒྱུ་ཁག་པོ་རེད་ཅེས་བཀའ་སློབ་གནང་ཡོད་པ་རེད།
ྋགོང་ས་མཆོག་གིས་མུ་མཐུད་གསུང་དོན། ཚང་མས་སྔར་བཞིན་སེམས་ཤུགས་སྐྱེད། སེམས་ཤུགས་བསྐྱེད་ནས་བདེན་པ་བདེན་ཐོག་ཏུ་འཁྱོལ་བའི་བྱེད་ཐབས་དེ། ང་ཚོས་འཚེ་བ་མེད་པའི་ལམ་ལ་བསྟེན་ནས་བདེན་པ་བདེན་ཐོག་ཏུ་འཁྱོལ་བ་བྱེད་རྒྱུ་དེ་ང་ཚོའི་སྟོབས་ཤུགས་རེད། བདེན་པ་མེད་ན་འཚེ་བ་མེད་པའི་ཆོས་བྱེད་རྒྱུ་ཡོད་པ་མ་རེད། གོ་མཚོན་ཐོགས་ནས་དྲག་གནོན་བྱེད་རྒྱུ་ལས་མེད་པ་རེད། ང་ཚོར་བདེན་པ་ཡོད་པས་རྒྱག་རེས་རྒྱག་དགོས་པ་མ་རེད། འཁྲུག་པ་རྒྱག་དགོས་མ་རེད། བདེན་པའི་རྒྱུ་མཚན་དྲངས་ནས་བཤད་རྒྱུ་ཡོད་པ་ཞིག་རེད། ང་ཚོས་བདེན་པའི་སྟོབས་ཤུགས་བེད་སྤྱོད་བྱས་ཏེ་འཚེ་བ་མེད་པའི་ལམ་ལ་བསྟེན་ནས་འགྲོ་རྒྱུ་ཧ་ཅང་གལ་ཆེན་པོ་རེད། རྒྱ་ཆེའི་མི་མང། གཞོན་ནུའི་སྒྲིག་འཛུགས་དང་བཅས་པ་ཚང་མ་འཚེ་བ་མེད་པའི་ལྟ་སྤྱོད་ཐོག་ལ་འགྲོ་རྒྱུ་དེ་ལ་གལ་ཆེ་ཤོས་རེད། བདེན་པ་བདེན་ཐོག་ཏུ་འཁྱོལ་བར་མུར་མཛོག་བཀོལ་ནས་འགྲོ་རྒྱུ་ཞིག་མ་རེད། ཤེས་ཡོན་གྱི་ཐོག་ནས་འགྲོ་དགོས་པ་རེད། ཁྱེད་རང་ཚོ་ཡོན་ཏན་སྤྱོང་རྒྱུའི་གོ་སྐབས་ཡོད་མཁན་ཚོས་ཡོན་ཏན་ལ་དང་དོད་བྱས། ཁ་གཡེང་མིག་གཡེང། འཕྲལ་སེལ་གྱི་སྣང་བ་སྐྱིད་པོས་སྤྲང་འཁྱམ་བརྒྱབ་བསྡད་པ་དེ་འདྲ་མ་བྱས་ནས། ཡོན་ཏན་དེ་ཡང་མཐོ་རིམ་སློབ་གྲྭའི་ལག་ཁྱེར་ཡོད་པ་ཙམ་མ་ཡིན་པར། རིག་གཅིག་རྐང་འཛིན་བྱས་ནས་ལས་རིགས་ག་རེའི་ནང་ཡིན་སོ་སོས་ནའང་རང་སྐྱ་འཕེར་ཐུབ་པའི་བསམ་བློ་བཏང་ནས། སློབ་སྦྱོང་གཏིང་ཟབ་བྱེད་དགོས་པ་གལ་ཆེན་པོ་རེད། བསམ་པ་རྣམ་དག་སེམས་ཤུགས་མ་ཆགས་པ་བྱས། ཚང་མས་ཧུར་ཐག་བྱེད་རྒྱུ་དེ་གནད་འགག་ཆེན་པོ་ཞེ་དྲག་རེད་ཅེས་བཀའ་སློབ་གནང་ཡོད་པ་རེད།།