བལ་ཡུལ་སྲིད་བློན་དང་དམག་སྤྱིའི་ནང་འཁྲུག
དེ་ཡང་བལ་ཡུལ་དུ་སྔོན་དུས་འཇབ་རྒོལ་དམག་དཔུང་ནང་ཞུགས་མྱོང་བའི་མའོ་ཚོགས་པའི་དམག་དཔུང་རུ་ཁག་གི་དམག་ཟུར་༡༩༠༠༠ ལྷག་ཙམ། དེང་གི་ཆར་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་བཀོད་ཁྱབ་འོག་ཏུ་གནས་ཡོད་པ་རྣམས། སྲིད་བློན་གྱིས་བལ་ཡུལ་དབུས་དམག་དཔུང་ཁུངས་སུ་འཛུལ་ཞུགས་བྱེད་རྒྱུའི་འཆར་འགོད་བྱས་ཡོད་པ་དང། བལ་ཡུལ་དམག་སྤྱི་ཆེན་མོས་དང་ལེན་བྱས་མེད་པ་རེད། ཟླ་བ་སྔོན་མར་བལ་ཡུལ་གྱི་རྩེད་རིགས་ལས་འཆར་ཞིག་ནང་མའོ་དམག་དཔུང་རུ་ཁག་མཉམ་ཞུགས་བྱས་ཡོད་པར། དམག་སྤྱིས་འགོ་ཁྲིད་དེ་ངོ་རྒོལ་གྱི་ལས་རིགས་འདྲ་མིན་སྤེལ་བ་སོགས་ལ། སྲིད་བློན་གྱིས་དམག་སྤྱི་ཆེན་མོས་གཞུང་གི་བཀོད་ཁྱབ་ལ་ངོ་རྒོལ་བྱས་ཡོད་པའི་ནག་ཉེས་བགྲངས་ཏེ། དམག་སྤྱི་ཆེན་མོ་ལས་ཀ་ནས་ཕྱིར་འཕུད་གཏོང་དགོས་པའི་བཀའ་རྒྱ་བཀྲམ་ཡོད་པ་རེད།
སྤྱིར་བལ་ཡུལ་གྱི་སྲིད་བློན་ལོ་སྔོན་མར་མའོ་ཆབ་སྲིད་ཚོགས་པའི་རྒྱབ་སྐྱོར་ལ་བརྟེན་ནས་སྲིད་བློན་གྱི་དབང་ཆ་རག་ཡོད་ཀྱང༌། ཁོང་གི་རྗེས་འབྲང་པ་མའོ་འཇབ་རྒོལ་དམག་མི་ཟུར་པ་དང་འབྲེལ་ཡོད་དོགས་གཞི་ཅན་རྣམས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྟངས་འཛིན་འོག་ཏུ་གནས་ཡོད་པ་རེད། ཁོ་ཚོ་རྒྱལ་ཚོགས་ཀྱི་སྟངས་འཛིན་འོག་ནས་དམག་དཔུང་ཁག་ནང་འཛུལ་ཞུགས་དང་ཆབ་སྲིད་ལས་འགུལ་ལ་གུ་ཡངས་མི་འདུག་ཅེས་སྐད་འབོད་རྒྱག་བཞིན་ཡོད་པ་དང། བལ་ཡུལ་ཁྲོམ་གཞུང་གང་སར་སློབ་ཕྲུག་བརྒྱ་ཕྲག་མང་པོས་བལ་ཡུལ་དམག་སྤྱི་ལ་རྒྱབ་སྐྱོར་དང༌། སྲིད་བློན་དང་མའོ་དམག་དཔུང་རུ་ཁག་ལ་ངོ་རྒོལ་བྱས་ཏེ་བལ་ཡུལ་དུ་ཆབ་སྲིད་ཀྱི་རྙོག་འཛིང་གསར་པ་ཞིག་སླར་ཡང་འགོ་བཙུགས་ཡོད་པ་རེད། བལ་ཡུལ་སྲིད་འཛིན་གྱིས་དམག་སྤྱི་མཆོག་ལས་གནས་སྟེང་རང་འཇགས་སྡོད་ཆོག་པ་ལས་སྲིད་བློན་གྱིས་བཀོད་མངགས་བཞིན་ཕྱིར་འཐེན་མི་དགོས་པ་ཁྱབ་བསྒྲགས་བྱས་པ་དང༌། སྲིན་བློན་གྱིས་དེ་མ་ཐག་ལས་གནས་ནས་རྩ་དགོངས་ཞུས་ཡོད་པ་རེད།
བལ་ཡུལ་གྱི་སྲིད་བློན་དེ་མི་ལོ་༡༠ ཙམ་གྱི་རིང་ལ་མའོ་ཆབ་སྲིད་གྱེན་ལངས་ཚོགས་པའི་ནང་ཞུགས་ཏེ་གཞུང་འགོ་རྟིང་སློག་མཁན་གྱི་གཙོ་བོ་ཡིན་པ་དང༌། རིམ་གྱིས་མའོ་ཆབ་སྲིད་ཚོགས་པའི་ནུས་ཤུགས་གཅིག་སྒྲིལ་ལ་བརྟེན། སྲིད་བློན་གྱི་དབང་ཆ་ཐོབ་ནས་ལོ་༡ ལས་འཁོར་མེད་པའི་སྐབས་ནས་སྲིད་བློན་གྱི་གོ་གནས་ཤོར་བའི་རྐྱེན་གྱིས། དེང་སྐབས་མའོ་ཆབ་སྲིད་ཚོགས་པའི་རྗེས་འབྲང་པ་དང་བལ་ཡུལ་སྤྱི་མཐུན་ཚོགས་པ་གཉིས་དབར་འགལ་ཟླ་ཕྱིན་ཏེ། ཆབ་སྲིད་ཀྱི་གླེང་རྙོག་མང་པོ་ཞིག་ལངས་འགོ་བཙུགས་པས་ཁྱིམ་མཚེས་རྒྱལ་ཁབ་རྒྱ་གར་གྱི་སྐུ་ཚབ་བཏང་ཡོད་པ་དང༌། དེ་བཞིན་དེང་སྐབས་རྒྱལ་ཁབ་མང་པོས་འདིའི་ཐད་དོ་སྣང་ཤུགས་ཆེན་བྱེད་བཞིན་ཡོད་པའི་གནས་ཚུལ་ཐོན་ཡོད་པ་རེད།།