ནག་ཚོང་ཁྲོམ་རའི་ནང་གི་ལག་དེབ་ལྗང་གུ།

དེ་ལྟ་བུའི་གནས་ཚུལ་རབས་དང་རིམ་པ་ཞིག་འབྱུང་བཞིན་ཡོད་སྟབས། བོད་གཞུང་བཀའ་ཤག་གི་ངོས་ནས་དང་བླངས་དཔྱ་ཁྲལ་ལག་དེབ་གསར་བཟོ་བྱེད་མཁན་ལ་དཀའ་ངལ་གང་ཡང་མེད་ཀྱང༌། མིང་དང་སྐྱེས་ལོ་སྐྱེས་ཚེས། ཕ་མིང་མ་མིང༌། སོགས་བརྗེ་བསྒྱུར་བྱེད་རྒྱུར་དམ་དྲག་གནང་བཞིན་ཡོད་པ་རེད། དེར་བརྟེན་འགྲུལ་བཞུད་ལག་ཁྱེར་ལ་བརྟེན་ནས་ཨ་རི་སོགས་སུ་ཕྱིར་བསྐྱོད་བྱེད་མཁན་རྣམས་ལ་གཞི་རིམ་གྱི་ཆ་རྐྱེན་ལྟ་བུ་ལག་དེབ་ལྗང་གུ་དེ་ཡིན་པ་དང༌། དཔྱ་དངུལ་དུས་ཐོག་གཙང་འབུལ་ཞུས་མེད་ན་ཡིག་ཆ་དེ་དག་རག་པའི་གོ་སྐབས་ཀྱང་མེད་པ་རེད། ཕྱི་རྒྱལ་དུ་འགྲོ་བའི་སྐབས་རང་ཉིད་ཀྱི་མིང་དང་སྐྱེས་ལོ་སྐྱེས་ཚེས་ངོ་མའི་ཐོག་ནས་འགྲོ་མི་ཐུབ་པར་ངོ་ཚ་དགོས་པའི་རྒྱབ་ལྗོངས་ཀྱི་གནས་ཚུལ་མང་པོ་ཡོད་པས། རང་ཉིད་ཀྱི་ལོ་རྒྱུས་རྫུན་བཟོ་དང༌། མིང་བརྗེ་བསྒྱུར་སོགས་ཀྱི་ཐབས་ཤེས་འཚོལ་བཞིན་ཡོད་ཀྱང༌། དེ་ལ་དཀའ་ངལ་མང་པོ་ཞིག་འཕྲད་ཡོད་པ་མ་ཟད། ད་ཆ་དཔྱ་ཁྲལ་ལག་དེབ་ཚང་མ་གློག་ཀླད་ཀྱི་ནང་དུ་བཅུག་ཟིན་པར་བརྟེན་དཔལ་འབྱོར་ལས་ཁུངས་ནས་ཞིབ་བཤེར་བྱེད་ཐེངས་གཅིག་གིས་རྫུན་མ་ཡིན་ན་ལམ་སེང་ཤེས་རྟོགས་ཐུབ་པ་ཞིག་བཟོས་ཡོད་པ་རེད།
    རྒྱ་གར་དུ་སྐྱེས་ཀྱང་བལ་ཡུལ་སྣེ་ལེན་ཁང་སོགས་སུ་སོང་ནས་གསར་འབྱོར་འཁྲབ་ནས་ཡིག་ཆ་རྫུན་མ་བཟོ་བ་དང༌། ཁ་ཤས་འགྲོ་མི་དགོས་པར་ཡིག་ཆ་དེ་དག་ལ་ཧིན་སྒོར་ཁྲི་རེ་ཟུང་སྤྲད་ནས་རག་ཐབས་ཡོད་པའི་གནས་ཚུལ་ཡང་གོ་རྒྱུ་ཡོད་པ་རེད། ལོ་ཁ་ཤས་ཀྱི་སྔོན་བོད་ནས་གསར་དུ་འབྱོར་བ་ཞིག་ཡིན་ན་བསྐྱར་དུ་སྣེ་ལེན་ཁང་དུ་སོང་ནས་ཐོ་འགོད་གསར་པ་བྱེད་མཁན་སོགས་ལོ་རྒྱུས་དང་མིང་སོགས་ཡིག་ཆ་རྫུན་མ་བཟོ་ཐབས་བྱེད་བཞིན་པའི་གནས་ཚུལ་ནི་ཡོངས་གྲགས་ལྟ་བུར་གྱུར་ཡོད། ད་ལྟའི་ཆར་བོད་གཞུང་གི་ངོས་ནས་མིང་རྫུན་མ་དང༌། ཕ་མའི་མིང་རྫུན་མ་སོགས་བརྗེ་བསྒྱུར་བྱེད་རྒྱུར་དམ་དྲག་གནང་བཞིན་ཡོད་ཀྱང༌། སྤྱི་ཚོགས་ནང་མི་མགོ་བདེ་དྲན་འཕྲུལ་སྐབས་འཚོལ་རིང་ལུགས་པ་རེ་ཟུང་གིས་དཔྱ་ཁྲལ་ལག་དེབ་ལ་སྒོར་ཆིག་འབུམ་ཉིས་ཁྲི་ལྷག་བྱས་ནས་བཙོང་བཞིན་པའི་གནས་ཚུལ་རེ་ཟུང་ཡོང་གི་ཡོད་ཚུལ་འདུག་པ་དང༌། བདེན་མིན་གང་ལྟར་ཡང་དཔལ་འབྱོར་ལས་ཁུངས་ནས་གློག་ཀླད་ནང་ཞིབ་བཤེར་བྱས་ཀྱང་དེར་འཁོད་ཐུབ་པའི་ཁས་ལེན་ཡང་བྱེད་བཞིན་ཡོད་ཚུལ་འདུག ཕྱི་རྒྱལ་ཁག་ནས་བོད་པ་མིན་ཡང་དང་བླངས་དཔྱ་ཁྲལ་ལག་དེབ་རག་ཐབས་བྱས་ནས་སྐྱབས་བཅོལ་ཞུ་རྒྱུའི་གོ་སྐབས་འཚོལ་མཁན་ཡོད་པའི་གནས་ཚུལ་ཞིག་སྔོན་མ་ནས་ཡོད་ཀྱང༌། རྒྱ་གར་དུ་དང་བླངས་དཔྱ་ཁྲལ་ལག་དེབ་ནག་ཚོང་ཁྲོམ་རའི་ཚོང་རྫས་སུ་འགྱུར་བཞིན་པའི་གནས་ཚུལ་འདི་ནི་ཅུང་གསར་པ་ཞིག་ཏུ་འགྱུར་བཞིན་ཡོད། དེར་བརྟེན་བདེ་སྲུང་ལས་ཁུངས་དང་དཔལ་འབྱོར་ལས་ཁུངས་སོགས་འབྲེལ་ཡོད་ནས་འདིའི་སྐོར་ལ་རྟོག་ཞིབ་ནན་པོ་ཞིག་གནང་མ་ཐུབ་ན། རིམ་བཞིན་བོད་གཞུང་གི་མཚན་ཤས་སུའང་འགྱུར་མི་སྲིད་པ་མིན་པས་ངེས་པར་དུ་དགོངས་བཞེས་གནང་དགོས་པའི་གནས་ཚུལ་ཞིག་ཏུ་གྱུར་འདུག།།