དྲན་སྐུལ་གྱི་དྲིལ་བརྡ།
དེང་སང་སྤྱི་ཚོགས་ནང་དུས་རབས་ཉེར་གཅིག་པའི་དགེ་འདུན་པ་ཟེར་དུས། ཆོས་སྲིད་གཉིས་ལ་ཐེ་གཏོགས་བྱེད་མཁན་གྱི་དགེ་འདུན་པ་ལ་གོ་ཡི་མེད་པ་དང༌། ང་ཚོ་ཧི་མ་ལ་ཡའི་དགེ་འདུན་པས་ཆབ་སྲིད་ལ་ཇུས་གཏོགས་བྱེད་དགོས་པ་མེད་ཅེས་ྋགོང་ས་མཆོག་གིས་བཀའ་གསལ་པོ་གནང་ཡོད་པ་རེད། འོ་ན་ང་ཚོའི་འགན་དེ་ག་རེ་རེད་ཟེར་ན། ནང་པ་སངས་རྒྱས་པའི་ཆོས་ཀྱི་རྐང་འཛིན་རྒྱུ་དེ་རེད། ད་ལྟ་བར་ང་ཚོ་བོད་ཀྱི་ཆོས་གྲོགས་སོགས་ལ་ལྟོས་ཏེ་སློབ་གཉེར་བྱས་པ་རེད་ལ། ད་དུང་ཡང་བྱེད་བཞིན་པ་རེད། འོན་ཀྱང་བོད་མི་རྣམས་ང་ཚོ་དང་མཉམ་དུ་དུས་ཅི་ཙམ་གནས་ཐུབ་མི་ཐུབ་སུ་ཞིག་གིས་བརྗོད་དཀའ་བ་མ་ཟད། དེང་སང་ྋགོང་ས་མཆོག་གིས་ཀྱང་རྟག་པར་ང་ཚོ་ལ་འགན་ཡོད་ཅེས་ནན་ཏན་བྱས་ནས་གསུང་བཞིན་ཡོད། ྋགོང་ས་མཆོག་བཙན་བྱོལ་དུ་ཕེབས་སྐབས་ང་ཚོ་ཆོས་བརྒྱུད་གཅིག་པ་ཚོ་ལ་རེ་བ་བྱས་ཏེ་ཕེབས་ཡོད། ཁོང་གིས་ང་ཚོ་ལ་རེ་བ་བྱས་པ་དེ། ང་ཚོའི་ས་ནས་ཆོས་གསར་པ་ཞིག་གསན་རྒྱུ་དང༌། ང་ཚོ་ལ་བརྟེན་ནས་བོད་པའི་བདེན་མཐའ་གསལ་རྒྱུ་དེ་རྩ་བ་ནས་མིན་ལ། དེ་འདྲའི་ནུས་པ་ང་ཚོ་ལ་ཡང་མེད། ང་ཚོ་ལ་ཆོས་བསྟན་ནས་ནང་པ་སངས་རྒྱས་པའི་ཆོས་དེ་མི་ཉམས་རྒྱུན་འཛིན་བྱེད་པའི་རེ་བ་གནང་ཡོད། དེ་ཕྱིར་ང་ཚོ་སློབ་མ་ཚང་མས་དེ་ལྟ་བུ་ཞིག་དམིགས་ཡུལ་དུ་བཟུང་སྟེ། ལྷག་བསམ་ཟོལ་མེད་ཀྱིས་སློབ་གཉེར་ལ་ཧུར་བརྩོན་བྱེད་རྒྱུ་དེ་ཧ་ཅང་གལ་ཆེན་པོ་ཡིན། ང་ཚོ་ལ་རང་དབང་དང་རང་བཙན་ཡོད་ཟེར་ཏེ། དེའི་ཐོག་ལ་ཇུས་གཏོགས་བྱེད་དགོས་དོན་མེད་བསམ་ན། དེ་ནི་རྨོངས་ཞེན་དང་ཕྱོགས་འཛིན་ཅན་གྱི་བླུན་པོའི་བསམ་པ་ཞིག་རེད་ལ། ཧ་ཅང་ཡིད་སྐྱོ་བའི་གནས་ཤིག་ཀྱང་རེད། ཆོས་གྲོགས་ཚོས་གསུང་དང༌། ང་ཚོ་ལ་དགའ་དགའ་དང་སྐྱིད་སྐྱིད་བྱས་ནས་འདུག་པའི་དུས་ཤིག་འདུག་གམ། རྒྱ་ནག་གིས་བོད་གཅིག་པུ་ཙམ་མིན་པར་འཛམ་གླིང་ཡོངས་ཀྱི་ཞི་བདེ་དང་ནང་པའི་དགོན་པ་མང་པོ་རྩ་གཏོར་གཏོང་ཐབས་བྱེད་བཞིན་ཡོད། ང་ཚོ་ཚང་མ་འཛམ་གླིང་ཡོངས་ལ་ཞི་བདེ་དང་འགྲོ་བའི་བདེ་སྐྱིད་སྤེལ་དགོས་ཟེར་མཁན་ཤ་སྟག་རེད། ང་ཚོས་དུས་རྟག་ཏུ་སེམས་ཅན་ཐམས་ཅད་བདེ་བ་དང་བདེ་བའི་རྒྱུ་དང་ལྡན་པར་གྱུར་ཅིག་ཅེས་སྨོན་ལམ་ཡང་འདེབས་བཞིན་ཡོད། འཛམ་གླིང་དུ་ཞི་བདེ་ཡོང་དང་མི་ཡོང་ཟེར་བ་དེ་ནང་པ་སངས་རྒྱས་པའི་ཆོས་ལ་རག་ལས་པ་རེད། རྒྱ་ནག་གིས་ཆོས་ཟེར་བ་དེ་དུག་རེད་ཅེས་ལབ་ཡོད་ལ། ཆོས་སྨན་བཟོ་རྒྱུ་ང་ཚོའི་འགན་རེད། ྋགོང་ས་མཆོག་གིས་ཀྱང་སྐུ་ངལ་འཛེམས་མེད་ཀྱིས་འཛམ་གླིང་གང་སར་ཆིབས་བསྒྱུར་བསྐྱངས་ཏེ་བོད་ཀྱི་རྩ་དོན་ཙམ་མིན་པར་འཛམ་གླིང་གི་ཞི་བདེའི་ཆེད་དང༌། འགྲོ་བའི་བདེ་སྐྱིད་སྤེལ་བཞིན་པ་ང་ཚོ་ཚང་མས་མངོན་སུམ་ཚད་གྲུབ་རེད། དེ་ཕྱིར་ང་ཚོ་ཚང་མས་ཐུགས་བསམ་རྒྱ་ཆེར་བཞེས་པའི་དུས་ཤིག་ཡིན་པས། ཁོ་བོས་ཁྱེད་རྣམས་ལ་དྲན་སྐུལ་གྱི་དྲིལ་བརྡ་ཞིག་མི་སྒྲོག་ཀ་མེད་བྱུང༌།
འོ་ན་ཆོས་ཀྱི་སྟངས་འཛིན་ཇི་ལྟར་བྱེད་དགོས་ཟེར་ན། ཁོ་བོའི་བསམ་དོན་ནི། མོན་པ། ཁུ་ནུ། སྤི་ཏི། ལ་དྭགས་སོགས་ལ་གང་སར་ནང་པའི་དགོན་པ་དུ་མ་ཞིག་མཐོང་རྒྱུ་ཡོད་ཀྱང༌། དགོན་པའི་ནང་དུ་མཚན་ཉིད་ཀྱི་སློབ་གཉེར་བྱེད་ས་ཕལ་ཆེར་མེད་པ་ལྟ་བུ་ཞིག་ཆགས་ཡོད། དེར་བརྟེན་ང་ཚོ་གདན་ས་ལ་ཡོད་པ་ཚང་མས་གཤོག་པ་མཉམ་དུ་བསྐྱངས་ཏེ། མཚན་ཉིད་ཀྱི་དགོན་པ་འཛུགས་དགོས་པ་གལ་ཆེ་བའི་གནས་ཤིག་རེད་སྙམ། ད་ལྟ་ང་ཚོ་ལ་སྐྱབས་རྗེ་བྱང་རྩེ་ཆོས་རྗེ་ལ་སོགས་པའི་བླ་མ་དང༌། དཔེ་ཁྲིད་གནང་མཁན་གྱི་དགེ་བཤེས་ཀྱང་མང་པོ་ཞིག་ཡོད་པས་ད་དུང་ཕྱི་དྲགས་མེད། གོ་སྐབས་འདི་དམ་བཟུང་གིས་ཆུད་ཟོས་སུ་མི་འགྲོ་བ་ངེས་པར་དུ་བྱེད་དགོས། བདག་གིས་ཁ་ཞེ་གཉིས་མེད་ཀྱིས་ཆོས་གྲོགས་རྣམས་ལ་སྙིང་ཐག་པ་ནས་ལག་གཉིས་ཐལ་མོ་སྦྱར་ཏེ་གསོལ་འདེབས་དང་ཁྱེད་རྣམས་ལ་རེ་བ་བྱེད་ཀྱི་ཡོད་ལ། དེ་བཞིན་ྋགོང་ས་མཆོག་ལ་སྨོན་ལམ་ཡང་འདེབས་བཞིན་ཡོད། ཕྲན་ལ་མཁས་པ་ཀུན་གྱི་ཡིད་སྨོན་ཤོར་སའི་བསམ་འཆར་འབྲི་བའི་རྩལ་ཞིག་མེད་ཀྱང༌། བདག་གིས་གང་ཡང་ཤེས་ཀྱི་མེད་བསམ་ནས་སྨྱུ་གུ་ལག་ཏུ་མ་བཟུང་བ་དེ་ཆེས་ནོར་འཁྲུལ་དུ་མཐོང་ནས་བསམ་ཚུལ་འདི་མི་འབྲི་ཐབས་མེད་དུ་གྱུར། བདག་གི་རྩོམ་འཆལ་འདིའི་ནང་དུ་གང་ཞིག་ནོར་ཡོད་པ་དེ་ལ་ཁྱེད་རྣམས་ཀྱི་མདུན་སར་བཟོད་གསོལ་ཞུ།།