ཨེ་ཊ་ལི་རུ་ཡོད་པའི་བོད་མིའི་གནས་སྟངས་ངོ་སྤྲོད།

༡༩༨༥ ལོ་ནས་༢༠༠༠ ལོའི་བར་ཡུལ་དེར་ཡོད་པའི་བོད་པ་ཚོས་སྤུན་མཆེད་ཚུལ་ལེན་པ་སོགས་བྱས་ཏེ། བོད་པ་ལྔ་བཅུ་ཞིག་ཆགས་འདུག དེ་ནས་བོད་པ་མང་པོ་སླེབས་པའི་འགོ་ཚུགས་ཏེ་ད་ལྟ་བོད་པ་༢༥༠ ཙམ་ཡོད་པ་རེད། མང་ཆེ་བ་ཨེ་ཊ་ལིའི་དབུས་དང་བྱང་གི་ས་གནས་སུ་ཡོད་པ་དང། མི་གྲངས་ཉུང་ཉུང་དང་ཁ་འཐོར་ཆགས་བསྡད་ཡོད་པ་རེད། ཆོས་ཚོགས་མང་པོ་ཡོད་པ་རེད། བོད་པ་ཚོའི་ལས་ཀ་མང་ཆེ་བ་ཕྲུ་གུ་ལ་ལྟ་རྒྱུ་དེ་འདྲ་དང། སློབ་མ་མང་པོ་རེད། སོ་སོས་ཚོང་རྒྱག་རྒྱུ་དེ་འདྲའི་ལས་ཀ་ཉུང་ཉུང་རེད། དཀའ་ངལ་གཙོ་བོ་དེ་ཡིག་ཆ་རེད། ཡིག་ཆའི་དཀའ་ངལ་ཡོད་པས་ལས་ཀ་བྱེད་རྒྱུ་དང། ཡར་རྒྱས་གཏོང་རྒྱུར་དཀའ་ངལ་འདུག
    ༡༩༩༤ ལོར་གསུམ་བཅུའི་དུས་དྲན་སྐབས་བོད་པ་དགུ་མཉམ་དུ་འཛོམས་པ་དང། དེའི་སྐབས་བོད་རིགས་ཚོགས་པ་ཞིག་བཙུགས་དགོས་ཀྱི་འདུག་ཅེས་ཐག་གཅོད་བྱས། རྗེས་སུ་གཞུང་ལ་དེབ་སྐྱེལ་བྱས་པ་རེད། བོད་པའི་ནང་ལ་མཐུན་སྒྲིལ་ཡོང་ཐབས་དང། རིག་གཞུང་རྒྱུད་འཛིན། གཙོ་བོ་རྩ་དོན་ཆེད་དུ་མཉམ་རུབ་བྱེད་ཐུབ་ཐབས་ལ་ཚོགས་པ་དེ་བཙུགས་པ་རེད། ང་ཚོར་ཆབ་སྲིད་ཀྱི་དཀའ་ངལ་ཡོད་པས། ལས་ཀ་གཙོ་བོ་ཡང་ཆབ་སྲིད་ཀྱི་སྐོར་རེད། གསུམ་བཅུའི་དུས་དྲན་གྱིས་གཙོས་བོད་པའི་དུས་ཆེན་ཁག་སྲུང་བརྩི། བོད་དོན་ཆེད་སྐད་འབོད་ངོ་རྒོལ། ཡིག་ཆ་འགྲེམས་སྤེལ། ཚོགས་འདུ་འཚོག་རྒྱུ་སོགས་བྱེད་ཀྱི་ཡོད་པ་རེད། དེ་བཞིན་ད་ལོར་ལོ་གསར་སྤྲོ་སྐྱིད་མ་བཏང་བར་མར་མེའི་ཁྲོམ་སྐོར་བྱས་པ་རེད། བོད་པ་ཚང་མ་ཁ་འཐོར་བསྡད་ཡོད་པས། མཉམ་འཛོམས་ལ་དཀའ་ལས་འདུག ཚོགས་པའི་དྲ་རྒྱ་བཟོས་ནས། ད་ལྟ་ཚོགས་མི་མང་དུ་འགྲོ་ཡི་ཡོད་པ་རེད། བོད་གཞུང་དང། ྋརྒྱལ་བ་རིན་པོ་ཆེའི་གསུང་བཤད། བོད་དོན་གནས་ཚུལ་དེ་ཚོ་ཨེ་ཊ་ལིའི་ཡི་གེའི་ཐོག་བསྒྱུར་ནས་ཁྱབ་སྤེལ་བྱེད་ཀྱི་ཡོད་པ་རེད། ད་ལྟ་བོད་དོན་ལས་འགུལ་སྤེལ་སྐབས་བོད་པ་མང་ཤོས་བརྒྱ་ལྷག་རེ་འཛོམས་ཐུབ་ཀྱི་ཡོད་པ་དང། ཨེ་ཊ་ལིའི་གྲོས་ཚོགས་འཐུས་མི་དང། བོད་དོན་རྒྱབ་སྐྱོར་བ་དེ་ཚོར་འབྲེལ་བ་འཛུགས་ཀྱི་ཡོད་པ་རེད། བོད་དོན་རྒྱབ་སྐྱོར་ཚོགས་པ་མང་པོ་དང་ཤུགས་ཆེན་པོ་རེད།
    བོད་དོན་རྒྱབ་སྐྱོར་བའི་ནང་དུ་བོད་རང་བཙན་རྩོད་དགོས་པར་རྒྱབ་སྐྱོར་བྱེད་མཁན་དང།  ཡང་དབུ་མའི་ལམ་དེ་ཐབས་ལམ་ཡག་ཤོས་རེད་ཟེར་ནས་རྒྱབ་སྐྱོར་བྱེད་མཁན་འདྲ་མིན་རེད། ཨེ་ཊ་ལིའི་ས་གནས་ཁག་ཏུ་བོད་ཀྱི་རྒྱལ་དར་གཏན་འཇགས་འཕྱར་གྱི་ཡོད་པ་དང། བསྡོམས་པའི་རྒྱལ་དར་བརྒྱ་དང་ཉི་ཤུ་ཙམ་ཡོད་པ་རེད། ྋརྒྱལ་བ་རིན་པོ་ཆེ་དང། བཀའ་ཁྲི་ཟམ་གདོང་རིན་པོ་ཆེ་ཕེབས་དུས་བོད་པ་ཚོ་མཉམ་འཛོམས་བྱེད་རྒྱུ་བྱུང་བ་རེད། དེ་བཞིན་བོད་གཞུང་དང་གཞུང་འབྲེལ་མ་ཡིན་པའི་མི་སུ་ཞིག་ཡིན་ནའང་དེར་ཕེབས་དུས་མཉམ་འཛོམས་ཡོང་ཐབས་བྱེད་ཀྱི་ཡོད་པ་དང། དཀའ་ངལ་ཆེ་ཤོས་གནས་ཚུལ་དེ་སྔོན་ཙམ་ནས་མ་རག་ན་ཧོབ་སྟེ་མཉམ་འཛོམས་བྱེད་མ་ཐུབ་པ་ཡོང་གི་འདུག        རིག་གཞུང་རྒྱུད་འཛིན་ཆེད་དུ་མཚམས་མཚམས་སུ་ནང་ཆོས་ངོ་སྤྲོད་ཀྱི་ལས་འགུལ་ཞིག་ཡོད་པ་རེད། ངོ་སྤྲོད་ལས་སླ་པོ། ཡར་དྲི་བ་ཡིན་ནའང་ཕྱག་འཚལ་ན་ཕན་ཐོགས་ག་རེ་ཡོད་པ་རེད་ཟེར་བ་དང། མ་ཎི་བགྲང་ན་ཕན་ཐོགས་ག་རེ་ཡོད་པ་རེད་ཟེར་བ་ལྟ་བུ་རེད། ཨེ་ཊ་ལིའྀ་མི་དང་བོད་པ་ཆང་ས་རྒྱག་མཁན་མང་པོ་རེད། མི་ཚང་ཁ་ཤས་ཀྱིས་ཕ་མ་གཉིས་ཀ་བོད་པ་ཡིན་ནའང་བོད་སྐད་མི་ཤེས་མཁན་ཆགས་ཀྱི་འདུག གཙོ་བོ་ནང་མི་ལ་ཁྱད་པར་ཞེ་དྲག་འདུག མང་ཆེ་བས་བོད་སྐད་ཡག་པོ་ཤེས་ཀྱི་འདུག་ཅེས་འགྲེལ་བརྗོད་གནང་སོང།།