སྐྱབས་བཅོལ་ལག་ཁྱེར་བཟོ་འཆར།
བོད་ནས་གསར་དུ་འབྱོར་མཁན་ཡིན་པ་གང་ཞིག་ལ། བལ་ཡུལ་སྣེ་ལེན་ཁང་བརྒྱུད་ནས་རྒྱ་གར་གཞུང་ཚབ་ཀྱིས་སྤྲད་པའི་ལག་དེབ་དཀར་པོ་དགོས་ཀྱི་ཡོད་ལ། ལག་དེབ་དེའི་ནང་རྒྱ་གར་དུ་ཡོང་དགོས་པའི་རྒྱུ་མཚན་༤ ཡོད་པའི་ནང་ནས་གནས་སྐོར་བ་ཡིན་ཟེར་ནས་ཐོ་འགོད་བྱས་ཡོད་ན། གནས་སྐབས་རྒྱ་གར་གཞུང་གིས་སྐྱབས་བཅོལ་ལག་ཁྱེར་བཟོ་རྒྱུའི་ཆོག་མཆན་སྤྲད་མི་འདུག་ལ། དེ་མིན་སློབ་གྲྭར་འགྲོ་མཁན་དང་སྐྱབས་བཅོལ། ཡང་ན་དེ་ལས་གཞན་པའི་རྒྱུ་མཚན་བགྲངས་ནས་ལག་དེབ་དཀར་པོ་ཡོད་མཁན་ཚང་མར་སྐྱབས་བཅོལ་ལག་ཁྱེར་བཟོ་རྒྱུ་ཡིན་པའི་ཁྱབ་བསྒྲགས་བྱས་ཡོད་པ་རེད། རྒྱ་གར་དབུས་གཞུང་གིས་ཆོག་མཆན་སྤྲད་པ་བཞིན་༢༠༠༩ ཟླ་བ༡༢ ཚེས༣༠ བར་དུ་མིང་ཐོ་བསྡུ་རུབ་བྱེད་རྒྱུ་ཡིན་པ་རེད།
མི་མང་པོར་དཀའ་ངལ་གཅིག་འཕྲད་བཞིན་ཡོད་པ་ནི་ལག་དེབ་དཀར་པོའི་ནང་གནས་སྐོར་བརྒྱབ་ཡོད་པས། འགའ་རེས་དབྱིན་ཡིག་མ་ཤེས་པས་དྷ་སར་སླེབས་དུས་མ་གཏོགས་གནས་སྐོར་བ་ཞེས་ལག་དེབ་དཀར་པོའི་སྟེང་བྲིས་ཡོད་པ་ཤེས་ཀྱི་མེད་པ་རེད། འདི་ག་གསར་ཁང་ནས་བདེ་སྲུང་དྲུང་ཆེ་མཆོག་ལ་བོད་མི་མང་པོ་ཞིག་གི་ལག་དེབ་དཀར་པོའི་སྟེང་གནས་སྐོར་བ་ཟེར་ནས་བརྒྱབ་ཡོད་པ་དང༌། ཡང་ཕྱི་ལོ་༢༠༠༣ གྱི་སྔོན་ལ་སླེབས་མཁན་ཚོར་ལག་དེབ་དཀར་པོ་མེད་པས། བདེ་སྲུང་གི་ངོས་ནས་དེའི་ཕྱོགས་ཐབས་ལམ་འདྲ་ཡོད་མེད་བཅར་འདྲི་ཞུས་སྐབས། གནས་སྐོར་བརྒྱབ་ཡོད་མཁན་རིགས་ཀྱི་ལག་དེབ་དཀར་པོ་བསྡུ་རུབ་བྱས་ཏེ་རྒྱ་གར་གཞུང་ལ་སྙན་སེང་ཞུ་འཆར་ཡོད། དེ་བཞིན་ལག་དེབ་དཀར་པོ་མེད་མཁན་ཚོ་སློབ་གྲྭ་དང་ས་གནས་བདེ་དོན་གྱི་རྒྱབ་གཉེར་སོགས་ཚང་ན་ཐོ་འགོད་བྱས་ཏེ་བཟོ་རྒྱུའི་འཆར་གཞི་ཡོད་པ་རེད་ཅེས་དང། ད་དུང་ལག་དེབ་དཀར་པོ་ཡོད་མཁན་ཚོར་སྐྱབས་བཅོལ་ལག་ཁྱེར་བཟོ་རྒྱུའི་ཆོག་མཆན་རྒྱ་གར་གཞུང་ནས་གནང་ཡོད་པས། ས་གནས་ཚང་མར་གཞིས་འགོས་འགན་ཁྱེར་ཏེ་ལག་ཁྱེར་བཟོ་རྒྱུ་ཡིན་ཞེས་འགྲེལ་བརྗོད་གནང་སོང༌།།