དངུལ་ཁང་གི་ལས་བྱེད་ཟུར་པ་རྒྱ་རིགས་ཤིག་བཙོན་བཅུག
དེ་ཡང་རྒྱ་རིགས་ཞུའུ་ཆའོ་ཧྥན་དང། ཞུའུ་གའོ་ཇུན། ཀོང་ཡང་ཧྥན། ཡུའུ་ཨིང་ཡིན་བཅས་མི་བཞིས། ཨ་རིའི་ཡུལ་མིའི་ལག་ཁྱེར་དང་ཐོངས་མཆན་ལག་ཁྱེར་རྫུན་མ་བཟོས་པ་དང༌། ཧོང་ཀོང་དང་ཁེ་ན་ཌ། ཨ་རིའི་དངུལ་ཁང་བཅས་སུ་སྒེར་གྱི་དངུལ་ཁང་ལག་འཛིན་ཨང་གྲངས་གསར་བཟོ་བྱས་ཏེ། ཨ་སྒོར་ས་ཡ་མང་པོའི་ནག་ཚོང་གི་ཐོག་ནས་དངུལ་ཁང་བརྒྱུད་དེ་བཏང་ཡོད་པ་མ་ཟད། རྒྱལ་ཁབ་དེ་དག་གི་ནང་གསང་བའི་ཐོག་ནས་གནས་སྤོ་བྱས་ཏེ་འགྲོ་རྒྱུའི་འཆར་གཞི་བཏིང་ཡོད་པ་རེད།
ཨ་རིའི་ཁྲིམས་ཁང་ལཱ་སི་ཝི་གྷསི་ནས་ཉེས་ཅན་པ་བཞིས་ཨ་རིའི་དངུལ་ཁང་ལ་ཨ་སྒོར་ས་ཡ་༤༨༢ ཕྱིར་སློག་བྱེད་དགོས་པའི་ཐོག ཤུས་ཆའོ་ཧྥན་ལ་མི་ལོ་༢༥ དང་ཤུས་གའོ་ཇུན་ལ་མི་ལོ་༢༢ རིང་བཙོན་འཇུག་གི་ཁྲིམས་ཐག་བཅད་ཡོད་པ་དང༌། དེ་བཞིན་ཁོ་གཉིས་ཀྱི་བཟའ་ཟླ་གཉིས་ལ་མི་ལོ་༨ རེར་བཙོན་འཇུག་གི་ཁྲིམས་ཐག་བཅད་ཡོད་པ་རེད། སྤྱིའི་ཆ་ནས་ཁྲིམས་འགལ་བ་དེ་དག་ལ་ཕྱི་ལོ་༡༩༩༡ ལོ་ནས་དོགས་གཞི་སྐྱེས་འགོ་ཚུགས་ཡོད་པ་དང༌། ༢༠༠༤ ལོར་འཛིན་བཟུང་བྱས་ནས་༢༠༠༨ ལོར་ཁྲིམས་འགལ་གྱི་ནག་ཚོང་དེ་དག་ཤེས་རྟོགས་བྱུང་ཡོད་པ་རེད།
ཉེ་དུས་དངོས་སུ་ཁྲིམས་ཐག་བཅད་ནས་ཨ་རིའི་གཞུང་གི་གསལ་བསྒྲགས་སུ། ཕྱི་རྒྱལ་ཁག་གི་མི་རིགས་ཚོས་རང་ཉིད་ཕྱུག་པོ་ཆགས་རྒྱུ་ཁོ་ནར་རེ་བ་བྱས་ཏེ། རྒྱལ་ཁབ་ཀྱི་རྩ་ཁྲིམས་ལ་རྩིས་མེད་བཏང་བ་དེ་འགྲོ་བ་མིའི་སྤྱོད་ཚུལ་ལས་འདས་པ་ཞིག་ཡིན་པས། ཁྲིམས་ལྡན་གྱི་ལུང་པ་འདིའི་ནང་མི་དེའི་རིགས་ནམ་ཡང་ལྷོད་གཡེང་གཏོང་མི་སྲིད་པ་རེད་ཅེས་དང། དེ་བཞིན་ད་དུང་ཉེས་ཅན་པ་བཞི་དང་འབྲེལ་བ་ཡོད་པའི་ཡུའུ་ཙང་ཏུང་ཟེར་བ་མི་གཅིག་ཡོད་པ་དེ། དེང་སྐབས་ཁྲིམས་གཏུགས་བྱེད་བཞིན་ཡོད་པས་ཁོའང་བཙོན་འཇུག་བྱེད་རྒྱུ་གཏན་ཁེལ་ཡོད་ཚུལ་གསར་ལམ་ཁག་ནས་གནས་ཚུལ་ཐོན་ཡོད་པ་རེད།།