རྒྱ་ནག་ནང་གི་མཁས་པ་ཁག་ཅིག་གི་བོད་དོན་སྙན་ཐོ།
སྙན་ཐོའི་ནང་དེང་རབས་ཅན་གྱི་འགྱུར་འགྲོས་མྱུར་མོའི་ནང་བོད་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་འགྱུར་ལྡོག་ཅེས་པའི་ལེ་ཚན་དང་པོའི་ནང་རྒྱ་ནག་དབུས་གཞུང་གིས་གཙོ་འཛིན་བྱེད་བཞིན་པའི་དེང་རབས་ཅན་དུ་བསྒྱུར་བའི་འཕེལ་རིམ། སྤྱི་ཚོགས་རང་བཞིན་གྱི་འབྱུང་འབྲས། ལེ་ཚན་གཉིས་པའི་ནང་ལོ་རབས་བདུན་བཅུ་དང་བརྒྱད་ཅུའི་ནང་གི་བོད་རིགས་གཞོན་སྐྱེས་ཚོའི་འཚོ་བའི་དཀའ་ཁག་དང༌། རྨང་གཞི་སློབ་གསོའི་ཐད་ཀྱི་གནད་དོན་ཚབས་ཆེན། ཆེད་ལས་སློབ་གསོ་དང་སྤྱི་ཚོགས་ཐོག་ཞུགས་པའི་གོ་སྐབས་ཉུང་བ། དེང་རབས་འགྱུར་འགྲོས་ཀྱི་འཚོ་བའི་ནང་ཕན་ཚུན་དཔྱད་བསྡུར་གྱིས་རང་ངོས་སུ་འཕྲོག་བཅོམ་ཐེབས་པའི་མི་རིགས་ཀྱི་ལྟ་བ་ལ་ཤུགས་གནོན་བརྒྱབ་ཡོད་པ། སོ་སོའི་མི་རིགས་ཀྱི་སྲོལ་རྒྱུན་ལོ་རྒྱུས་ལ་ཤེས་རྟོགས་བརླག་པ་ཞེས་པའི་ནང་ཚན་བཞི་འཁོད་ཡོད་པ་དང༌། ལེ་ཚན་གསུམ་པ་བོད་ཁུལ་བཅོས་བསྒྱུར་དང་འཛིན་སྐྱོང་གི་མ་ལག་ཐད་གནད་དོན་གཙོ་བོ་ཞེས་པའི་བརྗོད་གཞིའི་འོག་བོད་ཁུལ་འཛིན་སྐྱོང་ཐད་ཀྱི་འགྱུར་ལྡོག་དང༌། བོད་ཁུལ་ས་གནས་རང་སྐྱོང་འོག་དབང་ཤུགས་ཐད་ཀྱི་གནས་ཚུལ་ཞེས་པའི་ནང་ཚན་གཉིས། ལེ་ཚན་བཞི་པ་སྲིད་གཞུང་གིས་ཟླ་གསུམ་པའི་ཚེས་བཅུ་བཞིའི་དོན་རྐྱེན་བྱུང་རྗེས་ཐག་གཅོད་བྱེད་སྟངས་ཀྱི་སྐྱོན་ཆ། ལེ་ཚན་ལྔ་པ་དེང་དུས་སུ་བོད་ཀྱི་ཆོས་ལུགས་རིག་གནས་ཐོག་གི་རྙོག་གྲ། རྒྱ་ནག་རྒྱལ་ཁབ་ཀྱིས་བོད་ཁུལ་ལ་འཛིན་པའི་མི་རིགས་ཀྱི་ཆབ་སྲིད་དང་ཁྲིམས་སྲོལ་འགྱུར་ལྡོག་བཅས་ལ་བརྟག་དཔྱད་དང་བཅར་འདྲི་བྱས་པའི་ཡིག་ཆ་ཕྱོགས་བསྡོམས་བཅས་ཡོད་པ་རེད། འོད་ཟེར་ལགས་ཀྱིས་སྙན་ཐོ་དེའི་ནང་དུ་བོད་ཀྱི་གནད་དོན་དངོས་ཁག་ཅིག་དང༌། རྒྱ་ནག་གཞུང་ངོས་ནས་ཀྱང་བོད་དུ་འཛིན་བཞིན་པའི་སྲིད་ཇུས་ཁ་ཤས་ནོར་འཁྲུལ་འབྱུང་བཞིན་པ་སོགས་ཀྱི་གནད་དོན་ཁག་ལ་དབྱེ་ཞིབ་བྱས་ཡོད་ཀྱང༌། སྙན་ཐོའི་ནང་ད་དུང་ཡང་ཟླ་གསུམ་པའི་བོད་ཀྱི་གནད་དོན་དང་འབྲེལ་བའི་དོན་རྐྱེན་གྱི་འབྱུང་ཁུངས་དངོས་ལས་གཡོལ་ཐབས་བྱས་འདུག འོན་ཀྱང་སྙན་ཐོ་འདི་རྒྱ་གཞུང་གི་སྒེར་སྡོམ་ཆབ་སྲིད་ཀྱི་དམ་དྲག་གི་ཁོར་ཡུག་འོག་ནས་ཁྱབ་སྤེལ་བྱས་པར་བརྟེན། དེ་ལ་རིན་ཐང་ངེས་ཅན་ལྡན་ཚུལ་ཡང་བརྗོད་འདུག །