མཐར་ཐུག་གི་ཁེ་ཉེན་ངོ་མ་ཤེས་པ་ཡིན་ནམ།
དཔེ་ཆུང་ས་ནས་བཤད་ན་བལ་ཡུལ་མཆོད་རྟེན་བྱ་རུང་ཁ་ཤོར་གྱི་ཉེ་འགྲམ་ལ་མཚོན་ན་ལོ་བཅུ་ཕྲག་གཅིག་ལྷག་གི་སྔོན་དུ་རྒྱ་མིས་གཉེར་བའི་ཟ་ཁང་མཐོང་རྒྱུ་མེད་ལ། ད་ལྟའི་ཆར་རྒྱ་མིས་གཉེར་བའི་ཟ་ཁང་མང་པོ་ཡོད་པ་དང༌། རྒྱ་མིའི་ཟ་ཁང་དེ་དག་གི་ནང་དུ་ཁ་ལག་ཟ་མཁན་བོད་མི་ཡིན་པ་མ་ཟད། དེའི་ནང་ནས་ཀྱང་བོད་ནས་གསར་དུ་འབྱོར་བ་རྣམས་གཙོ་བོ་ཆགས་འདུག གནས་ཚུལ་དེའི་ཁ་ཐུག་གི་འབྱུང་རྐྱེན་རྒྱ་མིའི་ཟ་ཁང་གི་ཁ་ལག་ལ་བྲོ་བ་ཡོད་ཚུལ་བརྗོད་ལ། ཕུགས་ཀྱི་ཁེ་གྱོང་ནི་ཟ་ཁང་གི་ཚོང་རྒྱུགས་པོ་བྱུང་ནས་རྒྱ་མི་གཅིག་གིས་ས་བརྟན་པོ་ཞིག་འཛིན་ཐུབ་ན་རྒྱ་མི་གཞན་ཞིག་ཁྲིད་ཡོང་རྒྱུ་ངེས་པ་དང༌། གཅིག་གིས་གཅིག་ཁྲིད་ནས་ཤོག་བུ་སྣུམ་ཟོས་ཀྱི་དཔེ་བཞིན་མ་འོངས་པའི་ལོ་བཅུ་ཕྲག་གཅིག་ལྷག་གི་དུས་སུ་མཆོད་རྟེན་གཡས་གཡོན་གྱི་ཟ་ཁང་ཕལ་མོ་ཆེ་རྒྱ་མིའི་ལག་ཏུ་འཆོར་མི་སྲིད་པའང་མིན། བལ་ཡུལ་མཆོད་རྟེན་ཉེ་འགྲམ་གྱི་བོད་མི་རྣམས་ལ་མཚོན་ན་ཚོང་ལས་མ་གཏོགས་འཚོ་བའི་མཐུན་རྐྱེན་མེད་པས་ད་ལྟ་རང་ཉིད་ཀྱི་ལག་ཏུ་ཡོད་པའི་གོ་སྐབས་འདི་དག་མ་ཤོར་བ་ཞིག་བོད་མི་རང་ཉིད་ཀྱིས་བྱེད་དགོས་པ་ཧ་ཅང་གལ་ཆེ།
སྦྱིན་བདག་གི་ངོས་ནས་ཁ་ལག་གི་བྲོ་བ་དང་སྤུས་ཀ་ཡག་ཏུ་གཏོང་ཐབས་དང༌། བོད་རིགས་ཚོའི་ངོས་ནས་རྒྱ་མིས་གཉེར་བའི་ཟ་ཁང་དུ་མི་འགྲོ་བར་བོད་མིའི་ཟ་ཁང་དུ་འགྲོ་རྒྱུའི་ཐབས་ཤེས་བྱེད་དགོས། སྤྱིར་ད་ལྟའི་དུས་རབས་འདིར་མི་རིགས་རིང་ལུགས་ཀྱི་ལྟ་གྲུབ་ལ་རྙིང་དྲི་ཁ་བ་དངོས་བདེན་ཡིན་ཡང༌། ཆག་འཇིག་གི་གནས་སུ་གྱར་བའི་བོད་མི་རིགས་ལ་མཚོན་ན་མི་རིགས་རིང་ལུགས་ཀྱི་གནད་དོན་འདིའང་ཧ་ཅང་དགོས་གལ་ཆེ་བ་དང༌། འདི་ལྟར་བསམ་བློ་མ་བཏང་ན་བོད་མི་རིགས་དང་བོད་ཀྱི་སྐད་ཡིག་བཅས་རིང་པོ་མི་ཐོགས་པར་གོ་ལ་འདིའི་སྟེང་ནས་ཡལ་ངེས་པ་རེད། ད་ལྟའི་ཆར་འཛམ་གླིང་གི་ཁྱོན་དུ་བོད་དོན་དྲིལ་བསྒྲགས་ཀྱི་ཐོག་ནས་བཤད་ཀྱང་ང་ཚོ་རྒྱ་གཞུང་གི་རྗེས་སུ་ལུས་རྒྱུའི་ཉེན་ཁ་འཕྲད་བཞིན་པ་དང༌། མི་ཡུལ་ནས་འཚོ་བའི་མཐུན་རྐྱེན་དང་འབྲེལ་བའི་ཚོང་འཁོས་ཀྱི་རིགས་འདི་ལྟ་བུའང་རྒྱ་མིའི་ལག་ཏུ་ཤོར་ན་འཐུས་ཤོར་ཆེན་པོ་ཞིག་ཏུ་མཐོང་སོང་བས། ད་ནས་བཟུང་བོད་མི་རྣམས་ཀྱིས་རྒྱ་ནག་གཞུང་ཚབ་ཀྱི་མདུན་དུ་དཀའ་ངལ་ཁྱད་བསད་ཀྱིས་སྐད་འབོད་བརྒྱབ་པ་འདི་དག་བསྔགས་འོས་ཀྱི་རང་བཞིན་ཡིན་མོད། གནས་ཚུལ་ཆུང་ཙག་མ་འོངས་པར་བཙན་བྱོལ་བོད་མི་ལ་དཀའ་ངལ་འཕྲད་ངེས་པ་འདི་དག་གི་ཁེ་ཉེན་ངོས་ཟིན་པའི་ཐོག་ནས་སྤངས་བླང་ངེས་པར་དུ་བྱེད་དགོས་པའི་དུས་ལ་བབ་འདུག།།3908?༡?