རྒྱ་གར་གྲོས་ཚོགས་གཞོན་ནུའི་གྲོས་ཚོགས་རེད་ཟེར།
དེ་ཡང་རྒྱ་གར་རྒྱལ་ཡོངས་ནས་ན་གཞོན་རྣམས་གྲོས་ཚོགས་ཀྱི་འཐུས་མིར་འགྲོ་རྒྱུར་རེ་བ་ཆེན་པོ་བརྒྱབ་ཡོད་པ་དང༌། ཉེ་སྔོན་རྒྱལ་ཁ་ཐོབ་པའི་གྲོས་ཚོགས་འཐུས་མི་གསར་པ་དང། རྙིང་པ་རྣམས་ཀྱི་སློབ་སྦྱོང་གི་གནས་བབས་དང་ལོ་རྒན་གཞོན། ཁྲིམས་འགལ་གྱི་ལས་ཀ་བྱེད་མྱོང་བའི་གྲངས་ཐོ་ཞིག་ཁྱབ་བསྒྲགས་བྱས་ཡོད་པའི་ནང་འཁོད་དོན་ལྟར་ན། རྒྱ་གར་གྲོས་ཚོགས་འོག་མའི་འཐུས་མི་༥༣༥ ཡོད་པའི་ནང༌། མི་གསོད་ཀྱི་གྱོད་གཞི་དང་མི་གཏའ་མ་ཉར་ཆེད་དུ་བཙན་ཁྲིད་བྱས་པའི་ཁྲིམས་འགལ་གྱི་ནག་ཉེས་ཡོད་མཁན་གྲོས་ཚོགས་འཐུས་མི་༡༢༩ ཙམ་ཡོད་པ་དང༌། དེ་མིན་ཁྲིམས་འགལ་གྱི་ལས་ཀ་བྱེད་མྱོང་བ་ཐོ་གཞུང་ནང་ཡོད་མཁན་གྲོས་ཚོགས་འཐུས་མི་༢༨༠ ཙམ་གྱི་ཐོ་གཞུང་ཕྱིར་བསྒྲགས་ཡོད་པ་རེད། ལོ་ཡི་ཆ་ནས་ལོ་ན་༢༦ ནས་༣༠ བར་གྱི་འཐུས་མི་གྲངས་༩ དང༌། ལོ་ན་༣༠ ནས༤༠ བར་༧༢ ། ལོ་ན་༤༠ ནས་༥༠ བར་གྱི་༡༤༥ ། ལོ་ན་༥༠ བརྒལ་མཁན་མི་གྲངས་༡༧༤ ཡོད་པ་རེད།
དེ་བཞིན་སློབ་སྦྱོང་གི་གནས་བབས་སྐོར་འཁོད་དོན་འཛིན་གྲྭ་བཅུ་པ་ཁུངས་མ་འཁྱོལ་མཁན་གྲོས་ཚོགས་འཐུས་མི་༢༥ དང་འཛིན་གྲྭ་བཅུ་པ་ཙམ་ཐོན་མཁན་༤༧ ཡོད་པ་རེད། འཛིན་རིམ་བཅུ་གཉིས་ཐོན་མཁན་༤༧ དང་མཐོ་སློབ་ལ་འགྲོ་མྱོང་མཁན་༢༣༧ དང་ཞིབ་འཇུག་སློབ་མའི་ཤེས་ཚད་ཡོད་མཁན་༡༣༠ རིག་གཅིག་རྐང་འཛིན་གྱི་སློབ་སྦྱོང་ཐོན་མཁན་༢༣ ཙམ་བྱུང་ཡོད་པ་རེད།
རྒྱ་གར་རྒྱལ་ཡོངས་སུ་དེང་སྐབས་ཀྱི་གྲོས་ཚོགས་ལ་གཞོན་ནུའི་གྲོས་ཚོགས་ཞེས་འབོད་སྲོལ་ཆགས་ཡོད་པ་དང༌། འོས་བསྡུ་ཐེངས་༡༢ པ་དང་༡༣ པའི་སྐབས་སུ་མང་ཆེ་བ་ལོ་ན་རྒན་པ་ཤ་སྟག་ཡིན་ཞིང༌། འདི་ལོའི་འོས་བསྡུ་ཐེངས་༡༥ པའི་སྐབས་སུ་གཞོན་ནུ་གང་འཚམ་གྲོས་ཚོགས་སུ་སླེབས་ཡོད་པས། མ་འོངས་པར་ལོ་གྲངས་བཅུ་ཕྲག་གཉིས་ཙམ་གྱི་ནང་ཁུལ་དུ་གྲོས་ཚོགས་སུ་བརྒྱ་ཆའི་༥༠ ལོ་ན་གཞོན་པ་ཡོང་ཐུབ་རྒྱུར་ཚོད་དཔག་བྱེད་བཞིན་ཡོད་རེད།།