རེ་སྨོན།
དྲ་གྲོགས་མེ་སྒྱོགས་ལགས། བོད་ཡིག་གི་སློབ་ཚན་ཚད་ལྡན་འཇོག་དགོས་པ་དེ་གལ་ཆེན་རེད་ལ། དབྱིན་ཡིག་ཀྱང་ཤེས་པ་ཙམ་མིན་པ་དུས་ལ་འཚམས་པའི་འགུལ་སྐྱོད་ཀྱི་ནུས་པ་ལྡན་པ་ཞིག་ཤེས་དགོས་པ་དེ་ངའི་བློ་ལ་མང་པོ་འཆར་མྱོང་བའི་སྟོང་བསམ་དང་རེ་སྨོན་ཞིག་ཡིན། ངས་ཁ་གསང་ན་ང་སྔོན་མ་བོད་ཁྱིམ་སུ་ཇཱ་སློབ་གྲྭར་མི་གསུམ་རིང་བོད་དགེའི་ལས་ཀ་བྱས་མྱོང་ཡོད་ལ། སྐབས་དེར་ངས་བྲིས་པའི་དཔེ་དེབ་གཅིག་གི་ཆེད་རྩོམ་ཞིག་ནང་སློབ་གསོ་ཁ་ཕྱོགས་འཚོལ་བ་དང་བོད་མི་རྣམས་ལ་དེབ་ཀློག་གི་གོམས་གཤིས་མེད་པའི་རྒྱུ་མཚན་གང་ཡིན་ཟེར་བ་གཉིས་ཀྱི་ནང། སྐད་ཡིག་གང་ཞིག་ཤེས་ཀྱང་ཡིག་རྨོངས་ཀྱི་དཀའ་ངལ་སེལ་ཐུབ་ཙམ་མིན་པ་རང་རྐྱ་འཕེར་བ་ཞིག་དགོས་སྐོར་རྙོག་གཏམ་མང་པོ་ཞིག་བྲིས་ཡོད། གཅིག་བྱས་ན་ཁྱེད་ཀྱིས་གཟིགས་ཡོད་ཤས་ཆེ་ལགས། ང་ཚོའི་སློབ་གྲྭ་ཁག་ནས་རིག་གཞུང་ལ་བློ་དཀར་གྱི་རྣམ་པ་བསྟན་ནས་མཐའ་མཇུག་རང་གི་གྱོང་རག་མི་སྲིད་པ་ཞིག་མིན་པས་ངེས་པར་དུ་སློབ་ཚན་སོགས་ལ་ཞིབ་དཔྱད་ལོས་དགོས། དཔེ་སྟོན་གྱི་སློབ་ཚན་ནང་ནང་ཆོས་ཀྱིས་བཅིང་ཡོད་ཟེར་བ་དེ་བདེན་མིན་གང་ཡིན་ཡང་། ཚད་མ་རིག་པ་དེ་གལ་ཆེ་དོན་ཆེན་བརྩིས་ཡོད་པ་དེ་དངོས་ཡོད་གནས་ཚུལ་རེད། ངའི་ངོས་ནས་ཚད་མ་རིག་པ་ནང་ཆོས་ཡིན་པ་ངོས་འཛིན་བྱེད་ཀྱི་མེད་ལགས་དེ་ནི་རྒྱུ་མཚན་དང་གནས་ལུགས་ལ་ལྟ་བྱེད་ཀྱི་རྒྱང་ཤེལ་ལྟ་བུ་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད། འོན་ཀྱང་། དམག་མིའི་ལག་ཆ་ཚད་ལྡན་ཡིན་རུང་གང་ཟག་ལ་དམག་རྩལ་མེད་ན་ལག་ཆས་རང་འགུལ་བྱེད་མི་སྲིད་པས། སློབ་ཚན་འཁྲིད་འཆད་བྱེད་རྒྱུར་ངེས་པར་དུ་ཡིད་གཟབ་དགོས་པ་དེ་གནད་འགག་ཡིན། དེ་མིན་སྤྱི་ཚོགས་ཚན་རིག་དང་ཚན་རིག་། ས་ཞིབ་རིག་པ་སྐྱེས་དངོས་རིག་པ་སོགས་བོད་སྐད་ནང་སྐྱེ་བ་ལེན་རྒྱུ་ཡིན་ལ་དབྱིན་ཡིག་ནང་གང་ཡོད་པ་དེ་གཙོ་བོར་རྒྱུགས་སྤྲོད་ལ་དམིགས་ནས་འཆད་ཉན་བྱེད་བཞིན་ཡོད། མ་འོང་པའི་དཔེ་སྟོན་གྱི་དབྱིན་ཡིག་སློབ་ཚན་ཐད་ལ་ད་ལྟའི་བར་འཆར་གཞི་དངོས་གསལ་ཅན་ཞིག་མཐོང་མྱོང་མེད། གཅིག་བྱེད་ན་བོད་ཀྱི་དངོས་ཡོད་དང་འབྲེལ་བའི་མི་སྣ་ཁག་གི་ལོ་རྒྱུས་དང་གསར་འགོད་རིག་པ། རྒྱལ་གཅེས་སློབ་གསོ་སོགས་དབྱིན་ཡིག་ཐོག་མཁོ་བསྒྲུབ་བྱས་ཐུབ་ན་ཡག་པོ་ཡོད་རྒྱུ་རེད་སྙམ་ལགས། ང་ཚོ་ལ་ཡོད་པ་ནི་ལོ་རྒྱུས་དང་བརྡ་སྤྲོད་སྙན་ངག་རྩོམ་རིག་སོགས་ཡིན། དེའི་ཐོག་ནས་ངེས་པར་དུ་དགོས་པ་ནི་ད་ལྟའི་དུས་ལ་དགོས་པའི་སློབ་གསོ་དེ་ཡིན། དེ་ནི་ཉེ་དུས་1911་ནས་རྒྱ་བོད་འཁྲུགས་ནས་དེ་རིང་གི་བར་འཛམ་གླིང་གི་འགྱུར་ལྡོག་དང་བོད་པའི་འགྱུར་ལྡོག་་ སྲོལ་རྒྱུན་གྱི་བསམ་བློ་དང་དེང་རབས་ཀྱི་བསམ་བློ། མི་རིག་རིང་ལུགས་དང་རྒྱལ་གཅེས་རིང་ལུགས་ སོགས་ཀྱི་བསློ་གསོ་དགོས་པ་དེ་ཡིན། ངས་རྟག་ཏུ་བསམ་པ་ནི་ཕུན་དབང་གི་ལོ་རྒྱུས་དང་བཙན་རྒོལ་རྒྱལ་སྐྱོབས་སྟག་ལྷའི་མི་ཚེའི་བྱུང་བ་བརྗོད་པ་བོད་མི་དམངས་འཆིང་བྱེད་ཀྱི་ལྩགས་སྒྲོག་སོགས་དེང་དུས་ཀྱི་སློབ་མར་དགོས་པའི་སློབ་ཚན་ངེས་ཅན་ཞིག་ཡིན། ངེས་པར་དུ་དབྱིན་ཡིག་ཤེས་མི་དགོས་ལ་ཤེས་ན་རབ་ཡིན། འཛམ་གླིང་ནང་མགོ་འགྱིང་འགྱིང་བྱེད་ནས་འགྲོ་བར་རང་གི་ཕ་སྐད་ནི་སྔོན་འགྲོའི་ཆ་རྐྱེད་དང་པོ་དེ་ཡིན་སྙམ། དཔེ་སྟོན་གྱི་སློབ་ཚན་ལ་རྒྱུས་མངའ་མེད། དེ་མིན་བོད་པའི་སློབ་གྲྭ་ཁག་གི་སློབ་གསོ་དང་སློབ་ཚན་སྐྱོ་པོ་ཡོད། དམིགས་བསལ་གྱི་ལོ་རྒྱུས་སློབ་ཚན་དེ་ལས་ཀྱང་སྐྱོ་པོ་ཡིན། སྲོང་བཙན་གྱིས་མནའ་མ་ལེན་རབས་དང་གླང་དར་ལ་ར་ཅོ་ཡོད་རབས། ས་སྐྱ་ལེགས་བཤད་ཀྱི་སྒྲུང་ཐུང་འགའ་ངག་སྐྱོར་བྱེད་ཀྱི་ཡོད། རྒྱ་བོད་གཉིས་ཀྱི་རྩོད་རྙོག་ཤེས་མཁན་དགེ་རྒན་དཀོན་པོ་ཡིན་ལ་བཤད་མཁན་ནི་དེ་བས་ཀྱང་དཀོན་པོ་ཡིན། ལོ་གཞོན་ལ་ཁོང་ཁྲོ་དང་འགན་ཁུར་བླངས་ཐུབ་པའི་སློབ་ཚན་ཤིནཏུ་དཀོན་པོ་ཡིན།