བོད་དང་རྒྱ་ནག་གི་ལས་འགུལ།

    ཕྱི་ལོ་༡༩༨༩ ལོར་གནམ་བདེ་སྒོ་མོ་ཆེའི་ཐང་སྟེང་དུ་བྱུང་བའི་དྲུག་བཞིའི་དམར་གསོད་ཀྱི་དོན་རྐྱེན་དང། ཉེ་ཆར་༢༠༠༨ ལོར་བོད་མི་སྟོང་ཚོ་དུ་མའི་ཞི་བའི་སྒེར་ལངས་ལ་རྒྱ་གཞུང་གིས་གདུག་རྩུབ་དྲག་པོས་བཙན་གནོན་བྱས་པ་གཉིས་གཅིག་མཚུངས་སུ་སྣང། བོད་མིའི་སྒེར་ལངས་ཆེན་མོའི་ངོས་ནས་རྒྱ་རིགས་མང་གཙོ་དོན་གཉེར་བ་ཚོས་བོད་ཀྱི་བདེན་མཐའ་གསལ་ཐབས་སུ་རྒྱབ་སྐྱོར་གནང་མིན་ལ་མ་ལྟོས་པར། མང་གཙོ་དང། འགྲོ་བའི་མིའི་ཐོབ་ཐང་རྩོད་ལེན་བྱེད་རྒྱུའི་དམིགས་ཡུལ་ཁོང་ཚོ་དང་བོད་པ་གཅིག་པ་རེད་ཅེས་བརྗོད་ཡོད་པ་རེད།
    ཁོང་ཚོས་གསར་འགོད་གསལ་བསྒྲགས་སྤེལ་བའི་ནང་འཁོད་དོན། གནམ་བདེའི་སྒོ་མོའི་དོན་རྐྱེན་བྱུང་སྟེ། མི་ལོ་༢༠ འཁོར་བའི་དུས་སྐབས་འདིར་བཙན་བྱོལ་བོད་མི་རྣམས་ཀྱིས་རྒྱ་ནག་གི་མང་གཙོ་དོན་གཉེར་ཅན་རྣམས་ལ་གདུང་སེམས་མཉམ་བསྐྱེད་བྱེད་བཞིན་ཁོང་ཚོས་རྒྱ་ནག་ནང་མང་གཙོ་དང། འགྲོ་བ་མིའི་ཐོབ་ཐང། རང་དབང་ལ་སྨིན་པའི་དགོས་འདུན་བཏོན་གནང་བ་དག་ལ་ང་ཚོས་རྒྱབ་སྐྱོར་བྱེད་ཀྱི་ཡོད། དུས་དྲན་དེར་རྗེས་དྲན་ཞུ་དགོས་དོན་ནི་དེང་སྐབས་རྒྱ་ནག་གི་རྒྱལ་རབས་ནང་རྒྱ་ནག་དམར་པོའི་གཞུང་གིས་ཞི་བའི་མང་གཙོ་དོན་གཉེར་ཅན་གྱི་ལས་འགུལ་བ་དང། ཁོང་ཚོར་རྒྱབ་སྐྱོར་བྱེད་མཁན་ཚོ་ཡང་གདུག་རྩུབ་དྲག་པོས་དམར་གསོད་བཏང་བར་མཐའ་གཅིག་ཏུ་ངོ་རྒོལ་བྱེད་ཀྱི་ཡོད། རྒྱལ་སྤྱིའི་ཉེས་ཡངས་ཚོགས་པས་གནད་དོན་མཁོ་སྤྲོད་གནང་བ་ལྟར་ན། ལོ་དེའི་ཕྱི་ཟླ་དྲུག་པའི་ཚེས་ཤར་གྱི་དོན་རྐྱེན་དེའི་ནང་མང་གཙོ་དོན་གཉེར་ཅན་མི་གྲངས་༡༠༠༠ ལྷག་གི་ཚེ་སྲོག་ཤོར་བ་དང། མི་གྲངས་༡༠༠༠ ལྷག་ལ་ཚབས་ཆེའི་རྨས་སྐྱོན་བྱུང་ཡོད་པ་རེད་ཅེས་གསལ་བསྒྲགས་སྤེལ་ཡོད་པ་རེད། ཟླ་འདིའི་ཚེས་༣ ཉིན་གནམ་བདེ་སྒོ་མོའི་ཐང་སྟེང་གི་དོན་རྐྱེན་ལ་རྒྱབ་སྐྱོར་མཚོན་ཆེད་མི་མང་ནང་མཚན་རྟགས་བསྡུ་རུབ་དང། མར་མེའི་ཁྲོམ་སྐོར། དོན་རྐྱེན་དེ་དང་འབྲེལ་བའི་ལྟད་མོ་གོ་སྒྲིག་བཅས་བྱེད་རྒྱུ་ཡིན་པ་རེད།།