ྋགོང་ས་མཆོག་ལ་མཚན་མཐོང་མི་སེར་གྱི་ཕྱག་ཁྱེར་ཕུལ་འདུག
དེ་ཡང་ྋགོང་ས་མཆོག་བདུན་གཅིག་གི་སྔོན་ནས་ཡུ་རོབ་ཀྱི་རྒྱལ་ཁབ་ཁག་ལ་གཟིགས་སྐོར་དུ་ཕེབས་པ་དང་སྟབས་བསྟུན་ནས། ས་ཁུལ་དེ་དག་ལ་གནས་སྡོད་བྱེད་མཁན་རྒྱ་རིགས་ཚོ་དང་མཇལ་འཕྲད་ཀྱིས་རྒྱ་ནག་གཞུང་གིས་བོད་ཀྱི་ས་ཁུལ་གང་སར་ཉེས་མེད་ཁྲིམས་ཆད་སོགས་གཅོད་བཞིན་པའི་དཀའ་ངལ་སེལ་ཐབས་སུ་ལྷན་ཚོགས་ཐེངས་འགའ་ཤས་བསྐོངས་ཚོགས་གནང་ཡོད་འདུག སྐབས་དེར་མི་མང་ཚོགས་བཅར་བར་ྋགོང་ས་མཆོག་གིས། ལོ་སྔོན་མའི་གསུམ་པའི་༡༠ ནས་བཟུང་བོད་ཀྱི་རྒྱལ་སར་དྲག་ཆས་ཉེན་རྟོག་པ་དང་དམག་མི་ཧ་ཅང་ཕོན་ཆེན་བཞག་པ་དེ། ད་དུང་ཡང་འདི་ལྟར་རྒྱ་ནག་གཞུང་གིས་མངོན་གསལ་མེད་པའི་བཀའ་རྒྱའི་འོག་ནས། བོད་ཀྱི་རྒྱལ་ས་ལྷ་སར་དུས་ཡུན་རིང་པོའི་ནང་དྲག་དམག་གིས་བཙན་ཤེད་མུ་མཐུད་བྱེད་དོན་གང་ཡིན་ནམ། དེ་བཞིན་གསུམ་པའི་༡༤ ཉིན་མི་སུ་ཡིན་ཧ་མི་གོ་བའི་ཐོག་ནས་ཚོང་ཁང་མེར་བསྲེག་བཏང་བ་དང་རྡོ་གཡུགས་པའི་སྐབས། ཉེན་རྟོག་པས་ཐེ་གཏོགས་གང་ཡང་མེད་པར་ས་ཆ་དེར་བརྙན་འཕྲིན་པར་རྒྱག་མཁན་སོགས་གྲ་སྒྲིག་བྱས་ཟིན་པ་རེད། དེ་ནས་རྒྱུ་རྐྱེན་དངོས་ཡོད་སྦས་ནས་འཛམ་གླིང་ལ་ཁྱབ་བསྒྲགས་བྱས་ཡོད་པ་རེད། གཏོར་བཅོམ་སོགས་ཡོངས་རྫོགས་ཚར་རྗེས། གཞི་ནས་ཉེན་རྟོག་པས་སྟངས་འཛིན་བྱེད་ཁུལ་བྱས་པ་དེ། དངོས་ཡོད་གང་ཡིན་དང་རྐྱེན་རྩ་གང་ཡིན་དོགས་པ་ཟ་དགོས་དོན་མེད་ལ། གནས་སྟངས་དེ་རྒྱུ་རྐྱེན་ག་འདྲ་ཞིག་གི་འོག་ནས་བྱུང་ཡོད་མེད་ཧ་ཅང་རྟོགས་དཀའ་བ་ཞིག་ཀྱང་མ་རེད་ཅེས་གསུངས་ཡོད་པ་རེད།
ཡང་ྋགོང་ས་མཆོག་གིས། ངོས་རྒྱ་ནག་གི་དབང་ཆ་གཅིག་བསྡུས་རིང་ལུགས་པར་ཡིད་ཆེས་མེད་རུང༌། རྒྱ་ནག་མི་མང་ལ་ཡིད་ཆེས་བརླགས་མེད་ཅེས་རྒྱབ་སྐྱོར་བ་སྟོང་ཕྲག་མང་པོར་ཧྤ་རིན་སིའི་རྒྱལ་ས་པཱེ་རི་སིའི་རྩེད་ཐང་ཆེན་པོའི་ནང་དུ་གསུངས་ཡོད་པ་རེད། རྒྱ་ནག་གཞུང་ངོས་ནས་རྒྱུན་ལྡན་བཞིན་ྋགོང་ས་མཆོག་ཁ་བྲལ་རིང་ལུགས་པ་ཡིན་ཚུལ་དང༌། གཞུང་འབྲེལ་སུ་འདྲ་ཞིག་གིས་ྋགོང་ས་མཆོག་དང་མཇལ་འཕྲད་གནང་བའམ་ཡང་ན་ཚོགས་འདུ་འཚོགས་པ་བཅས་བྱས་ན། དེ་ནི་རྒྱ་ནག་གི་ནང་སྲིད་ལ་ཐེ་གཏོགས་བྱས་པ་ཞིག་རེད། ༸གོང་ས་མཆོག་གདན་འདྲེན་ཞུས་ན་རྒྱལ་ཁབ་བར་གྱི་མཛའ་མཐུན་ལ་གནོད་ཀྱི་རེད་ཅེས་ཡུ་རོབ་རྒྱལ་སའི་སྐུ་ཚབ་མཉམ་འབྲེལ་ལྷན་ཚོགས་ལ་སྐྱོན་བརྗོད་ཀྱིས་ཉེན་བརྡ་བཏང་ཡོད་པ་རེད།།