ཨོ་སི་ཁྲུ་ལི་ཡ་དང་རྒྱ་ནག་དབར་གྱི་འགལ་ཟླ།
དེ་ཡང་ཨོ་སི་ཁྲུ་ལི་ཡ་རྒྱལ་ཁབ་ནི་བོད་དོན་ལ་རོགས་རམ་རྒྱུན་སྐྱོང་གནང་མཁན་ཞིག་ཡིན་པ་དང༌། དམིགས་བསལ་གྱི་བོད་ཀྱི་ཆབ་སྲིད་བཙོན་ཟུར་རྣམས་གྲངས་བཅད་ཐོག་ནས་སྐྱབས་བཅོལ་ལ་ལེན་བཞིན་ཡོད་པ་རེད། ད་ཐེངས་དྷ་སར་ཕེབས་གཏན་ཁེལ་བའི་གྲོས་ཚོགས་འཐུས་མིིའི་སྐུ་ཚབ་དེའི་འགན་འཛིན་སྐུ་ཞབས་ཌན་བྷཱས་མཆོག་ནི། དུས་ཡུན་རིང་པོའི་ནང་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་ཐད་ལ་ལས་འགུལ་སྤེལ་མཁན་ཞིག་ཡིན་ལ། ཁོང་གིས། བོད་ཀྱི་འཚེ་མེད་ཞི་བའི་འཐབ་རྩོད་དང་མི་རིགས་རང་ཉིད་ཀྱི་རིག་གཞུང་དང་ངོ་བོ་གཅེས་སྐྱོང་བྱེད་ཐབས། རྒྱ་ནག་དང་མཉམ་སྡོད་ཀྱིས་རང་གི་ས་ཁུལ་དང་ཆོས་རིག་སྲུང་སྐྱོབས་བྱེད་པའི་ཆབ་སྲིད་ཀྱི་དམིགས་ཡུལ་བཟང་པོ་དེ་ལ། རྒྱ་ནག་ཕྱོགས་ནས་འགྲེལ་བརྗོད་ལོག་པ་དང་དོན་ལ་མི་གནས་པ་སྣ་ཚོགས་བཤད་ཀྱི་ཡོད་པའི་རྐྱེན་གྱིས། ང་ཚོར་བོད་དོན་ཐོག་ལ་རྒྱབ་སྐྱོར་བྱེད་འདོད་པའི་ཚོར་སྣང་ཧ་ཅང་ཆེན་པོ་སྤྲོད་ཀྱི་འདུག་ཅེས་གསུངས་ཡོད་པ་རེད།
དེ་བཞིན་སྐུ་ཚབ་ཌན་བྷཱས་མཆོག་ལ་ཨོ་སི་ཁྲུ་ལི་ཡར་ཡོད་པའི་རྒྱ་ནག་གི་གཞུང་ཚབ་པས། གསུམ་བཅུའི་དུས་དྲན་སོགས་ཀྱི་སྐབས་ལ་བོད་དོན་ཆེད་ལས་འགུལ་སྣ་ཚོགས་སྤེལ་མི་ཆོག་པའི་ཉེན་བརྡ་མང་པོ་གཏོང་མྱོང་ཡོད་པ་དང། ཟླ་བ་རྗེས་མའི་གཟིགས་སྐོར་དེ་ལའང་ཉེན་བརྡ་བཏང་ཡོད་པ་རེད།།