ང་བཀའ་ཁྲི་བྱེད་ཀྱི་ཡིན་ཞེས་པའི་འཁྲབ་སྟོན།

    འཁྲབ་སྟོན་དེའི་སྐབས་བརྙན་འཕྲིན་ཞིག་གཟིགས་འབུལ་ཞུས་པའི་ནང་བཀའ་ཁྲི་ཟམ་གདོང་རིན་པོ་ཆེ་མཆོག་གིས་དབུས་ཤེས་ཡོན་པ་དང། མང་ཚོགས་དཀྱུས་མ་སོགས་ལ་བསམ་ཚུལ་བསྡུ་ལེན་བྱས་ཡོད་པ་དང། དེའི་ནང་བསམ་ཚུལ་འདྲ་མིན་ཡོད་པའི་ནང་ནས། ཟམ་གདོང་རིན་པོ་ཆེ་སླར་ཡང་བཀའ་ཁྲིར་ཡོང་དགོས་སྐོར་བརྗོད་མཁན་དང། ན་གཞོན་ཤེས་ཡོན་ཅན་ཞིག་དགོས་པ་རེད་ཟེར་མཁན། དེ་བཞིན་རྒན་པ་ཉམས་མྱོང་ཅན་དགོས་པ་རེད་ཟེར་མཁན་སོགས་འདྲ་མིན་བྱུང་ཡོད་པ་རེད།
    འཁྲབ་སྟོན་གཙོ་འགན་ཁུར་མཁན་རྣམས་ཀྱིས་ཟམ་གདོང་རིན་པོ་ཆེ་མཆོག་ལ་བཅར་འདྲི་ཞུས་པའི་ནང་གསུང་དོན། མི་ཞིག་བཀའ་བློན་ཁྲི་པར་ཐེངས་གསུམ་སླེབས་པ་ཡིན་ན། མང་གཙོའི་ལྟ་གྲུབ་ལས་ཡོངས་སུ་འགལ་བ་རེད། ང་ཚོའི་བཅའ་ཁྲིམས་ནང་མི་གཅིག་བསྟུད་མར་ཡོང་ཆོག་གི་ཡོད་མ་རེད། དེ་ལ་རྒྱབ་ལྗོངས་ཀྱི་རྒྱུ་མཚན་མང་པོ་ཡོད་པ་རེད། མི་གཅིག་གིས་ལོ་བཅུའི་རིང་རང་གི་ནུས་པ་དང་རྩལ་བཏོན་ཟིན་པ་དང་། གལ་ཏེ་ལོ་བཅུ་ལས་ལྷག་སླེབས་པ་ཡིན་ན་ཡར་རྒྱས་གསར་པ། འགྱུར་བ་གསར་པའི་རྣམ་དཔྱོད་ཅིག་ཡོང་གི་མ་རེད། དེར་བརྟེན། ལོ་ལྔའི་མཚམས་སུ་འོས་ཤོག་བསྡུས་པ་དོན་མེད་ཆགས་པ་རེད། ལོ་ལྔ་རེའི་མཚམས་སུ་འོས་ཤོག་བསྡུས་པ་དེ་ཡང་རྣམ་དཔྱོད་གསར་པ། འགྱུར་བ་གསར་པ།  ཐབས་ལམ་གསར་པ། སྲིད་བྱུས་གསར་པ་ཡོང་རྒྱུའི་ཆེད་དུ་རེད། མང་གཙོའི་ལམ་ལུགས་ཟེར་དུས། ག་དུས་ཡིན་ནའང་འགྱུར་བ་ཞིག་གིས་ལམ་ནས་འགྲོ་དགོས་པ་རེད་ཅེས་བཀའ་ཁྲི་ཟམ་གདོང་རིན་པོ་ཆེ་མཆོག་གིས་གསུངས་ཡོད་པ་རེད།
   དྭངས་བླངས་གཞོན་སྐྱེས་ཚོས་དགོང་མོ་དེར་མ་འོངས་པའི་བཀའ་བློན་ཁྲི་པ་གལ་ཆེན་ཡིན་པས། ད་ལྟ་ནས་དེའི་སྐོར་གྲ་སྒྲིག་དགོས་པའི་འཁྲབ་སྟོན་ཡང་བྱས་ཡོད་པ་རེད།།