གཞན་ལ་འཚེ་བའི་ལས་ཀྱི་སྐོར།
ནམ་རྒྱུན་ངས་འདི་འདྲ་ཤོད་སྡོད་ཀྱི་ཡོད། མི་ཞིག་གིས་མེ་མདའ་ཁྱེར་ནས་སོ་སོའི་སྟེང་དུ་གསོད་པར་ཡོང་གི་འདུག་ན། ཕར་ཆེར་དེ་ལ་ལན་སློག་དགོས་པ་ལྟ་བུ་ཞིག་རེད། སོ་སོ་ཐར་དགོས་པ་ཞིག་རེད། རང་ཉིད་སྲུང་སྐྱོབ་བྱེད་དགོས་པ་ལྟ་བུ་ཞིག་རེད། དེར་བརྟེན། གལ་ཏེ་རང་ཉིད་ཀྱི་ལག་ཏུ་མེ་མདའ་ཞིག་ཡོད་པ་ཡིན་ན། ཕར་མེ་མདའ་དེ་མི་དེའི་མགོ་ལ་བརྒྱབ་ན་མི་དེ་ཤི་རྒྱུ་རེད། དེ་ལྟར་མིན་པར་རྐང་པ་དང༌། ལག་པ་ལྟ་བུ་ལ་བརྒྱབ་པ་ཡིན་ན་རན་པོ་མེད་འགྲོ་ཞེས་ངས་དེ་འདྲ་བཤད་ཀྱི་ཡོད། སངས་རྒྱས་པའི་ཆོས་ཀྱི་འགྲོ་སྟངས་ནང་བཞིན་བྱས་པ་ཡིན་ན། ཁ་སང་ཞུས་པ་བཞིན་སྔར་ཁ་ཆེའམ་དུ་རུ་ཁའི་དམག་རྒྱ་གར་ལ་ཡོང་བའི་སྐབས་སུ། ནང་པའི་དགེ་སློང་དེ་འདྲ་ལ་གྲི་བརྒྱབ་པ་དང༌། མདུང་བཙུགས་པ་སོགས་བྱས་ཀྱང་ལན་གང་ཡང་བྱེད་ཀྱི་མི་འདུག་ཅེས་བཤད་བསྡད་པ་རྩ་བ་དེ་ཕལ་ཆེར་རེད། ཡིན་ན་ཡང་རང་ཉིད་གཅིག་པུ་སོ་སོར་ཐར་པ་དེ་གཅིག་པུ་མིན་པར། སེམས་ཅན་ཐམས་ཅད་ཅེས་ངོ་ཐོག་ལ་ནམ་རྒྱུན་ནས་བསམ་བློ་བཏང་སྟེ་བློའི་གོམས་འདྲིས་ཡོད་པ་ཞིག་ཡིན་ན། བྱང་ཆུབ་སེམས་ཀྱིས་ཟིན་པའི་བསམ་པ་དེས་གང་འཚམས་ཀྱི་ཁྱད་པར་ཞིག་ཡོང་གི་ཡོད།
བཅོམ་ལྡན་འདས་ཀྱི་འཁྲུངས་རབས་ཀྱི་ནང་དུ་དེད་དཔོན་སྙིང་རྗེ་ཅན་གྱིས་མི་ནག་མདུང་ཐུང་ཅན་བསད་པ་ཞེས་པའི་ལོ་རྒྱུས་ཤིག་ཡོད་རེད། སྐབས་དེར་བཅོམ་ལྡན་འདས་ཚོང་པ་ཞིག་ཏུ་འཁྲུངས་པ་དང༌། ཚོང་ཕྲུག་ཀྱང་ལྔ་བརྒྱ་ཙམ་ཡོད་ཅིང༌། བཅོམ་ལྡན་འདས་ཀྱིས་ཚོང་པ་ཚོ་ཁག་དེའི་དེད་དཔོན་གནང་སྟེ་ཚོང་ལ་ཕེབས་པ་དང༌། ཐུགས་ལ་ཧ་ཅང་སྙིང་རྗེ་ཆེན་པོ་ཡོད་པས་མཚན་ལ་དེད་དཔོན་སྙིང་རྗེ་ཅན་ཞེས་ཞུ་ཡི་ཡོད། ཁོང་ཚོ་ཚོང་ནས་འཁོར་ཏེ་ཚུར་ལོག་ཡོང་བའི་སྐབས་སུ། རྒྱུ་དངོས་མང་པོ་འཁྱེར་རྒྱུ་ཡོད་པར་བརྟེན་ཚོང་པའི་ཁྲོད་ཀྱི་མི་གཅིག་སྟེ་མི་ནག་མདུང་ཐུང་གི་བསམ་པར་ངས་རོགས་པ་མི་བཞི་བརྒྱ་དགུ་ཅུ་གོ་དགུ་དེ་དག་བསད་བཞག་ན། ཅ་ལག་རྣམས་ཁོ་རང་ལ་རག་གི་རེད་བསམ་པའི་བློ་ངན་པ་ཞིག་སྐྱེས་ཏེ་མི་དེ་དག་གསོད་རྒྱུའི་གྲབས་གཤོམ་བྱེད་སྐབས། བཅོམ་ལྡན་འདས་ཀྱི་སྐུ་སྐྱེ་ཡིན་པའི་དེད་དཔོན་སྙིང་རྗེ་ཅན་གྱིས་གནས་ཚུལ་དེ་མཁྱེན་ནས་ཁོ་ལ་དེ་ལྟར་མ་བྱེད་ཅེས་བཀའ་སློབ་གནང་ན་ཡང༌། ཁོས་བཀའ་ལ་རྩ་བ་ནས་མ་ཉན་པར་མུ་མཐུད་རོགས་པ་དེ་དག་གསོད་པའི་བསམ་བློ་གཏོང་གི་ཡོད་པ་རེད། བཅོམ་ལྡན་འདས་ཀྱི་དགོངས་པར་ཁོ་ལ་མི་དེ་དག་གསོད་དུ་བཅུག་ན། ཁོ་ལ་མི་བཞི་བརྒྱ་དགུ་བཅུ་གོ་དགུ་བསད་པའི་སྡིག་པ་ཡོང་རྒྱུ་དང༌། མི་བཞི་བརྒྱ་དང་དགུ་བཅུ་གོ་དགུ་དེ་དག་ཀྱང་སྲོག་ཤོར་བའི་སྡུག་བསྔལ་ཡོང་རྒྱུ་བཅས་མདོར་ན་གཉིས་ཀ་ལ་གནོད་པ་ཞིག་ཆགས་ཀྱི་ཡོད་རེད། མ་བྱེད་ལབ་ན་ཕན་གྱི་ཡོད་མ་རེད། དེ་ལས་ཁོ་བསད་བཞག་པ་ཡིན་ན་བཅོམ་ལྡན་འདས་རང་ཉིད་ལ་མི་ནག་མདུང་ཐུང་ཅན་བསད་པའི་སྡིག་པ་ཡོང་གི་རེད་དེ། ཚུར་ཕྱོགས་དེར་མི་བཞི་བརྒྱ་དགུ་ཅུ་གོ་དགུའི་སྲོག་ཐར་བ་རེད། མི་ནག་མདུང་ཐུང་ཅན་ཁོ་རང་ལ་ཆ་བཞག་ན་ཚེ་གཅིག་གི་སྲོག་ཤོར་བ་རེད་དེ། ཡིན་ན་ཡང་མི་བཞི་བརྒྱ་དགུ་བཅུ་གོ་དགུ་བསད་པའི་སྡིག་པའི་ལས་ལས་ཐར་བ་རེད། གསོད་དུ་བཅུག་ན་ཁོ་ལ་སྡིག་པ་དེ་དག་ཡོང་གི་རེད། དེས་ན་མི་ནག་མདུང་ཐུང་ཅན་དང༌། རོགས་པ་མི་བཞི་བརྒྱ་དགུ་བཅུ་གོ་དགུ་གཉིས་ཀར་བརྩེ་བའི་དགོངས་པ་མཐའ་གཅིག་ཏུ་བཞེས་ནས། བཅོམ་ལྡན་འདས་ཏེ་དེད་དཔོན་སྙིང་རྗེ་ཅན་རང་ཉིད་ལ་མི་ནག་མདུང་ཐུང་ཅན་བསད་པའི་སྡིག་པ་བྱུང་ཡང་འགྱོད་པ་མེད། སྤྱི་ལ་ཕན་པ་བྱུང་ན་དགོངས་ཏེ་རང་ཉིད་བློས་བཏང་ནས་བདག་གཞན་བརྗེ་བའི་བསམ་པའམ། གཞན་གཅེས་འཛིན་གྱི་བསམ་པས་མི་ནག་མདུང་ཐུང་ཅན་རྗེས་སུ་བསད་པ་ཡིན་པ་རེད། དེས་བཅོམ་ལྡན་འདས་ཁོ་རང་ལ་སྡིག་པ་ཡོང་རྒྱུ་ལས་ལྡོག་སྟེ་ཚོགས་རྒྱ་ཆེན་པོ་རྫོགས་པ་གསུངས་ཡོད་པ་རེད།
དེར་བརྟེན་བྱང་ཆུབ་སེམས་དཔའི་སྡེ་སྣོད་ནང༌། རྐྱེན་དང་འཚམས་པར་ཚར་མི་གཅོད། ཅེས་བྱང་ཆུབ་སེམས་དཔའི་ཉེས་བྱས་བཞི་བཅུ་ཞེ་དྲུག་གསུངས་པའི་ནང་གི་ཉེས་བྱས་གཅིག་འདི་རེད། ཕ་རོལ་པོ་ཉེས་པ་བྱེད་མཁན་དེ་དྲག་པོ་མངོན་སྤྱོད་སོགས་ཀྱི་ཐོག་ནས་ཚར་གཅོད་རྒྱུ་མ་གཏོགས། བཟློག་ཐབས་ཀྱི་ཐབས་གཞན་མེད་པ་ཞིག་ཡིན་ན། དེ་འདྲའི་གནས་སྟངས་ཀྱི་འོག་ནས་སྡིག་པ་སྤྱོད་མཁན་དེ་རྐྱེན་དང་འཚམས་པར་ཚར་མ་བཅད་ན། བྱང་ཆུབ་སེམས་དཔའི་ཉེས་བྱས་ཡིན་པས་ཉེས་བྱས་དེ་མི་ཡོང་བའི་ཆེད་དུ་རྐྱེན་དང་འཚམས་པར་ཚར་གཅོད་དགོས་ཀྱི་ཡོད་རེད། དེ་འདྲ་ཡིན་དུས་ཕ་རོལ་ཏུ་ཕྱིན་པའི་ཐེག་པའམ་བྱང་ཆུབ་སེམས་དཔའི་སྡེ་སྣོད་ཀྱི་ནང་སྲོག་གཅོད་ལ་གནང་བའི་སྐབས་མེད་པ་རེད། འདོད་ཆགས་ལ་གནང་བའི་སྐབས་ཡོང་གི་རེད། ཉན་ཐོས་སྡེ་པའི་གཞུང་ནང་ཆགས་སྡང་ལ་གནང་བའི་སྐབས་མེད། བྱང་ཆུབ་སེམས་དཔའི་སྡེ་སྣོད་ཀྱི་སྐབས་སུ་འདོད་ཆགས་ལ་གནང་བའི་སྐབས་ཡོང་གི་ཡོད་ཀྱང་ཞེ་སྡང་ལ་གནང་བའི་སྐབས་མེད་པ་རེད། འོན་ཀྱང་བྱང་ཆུབ་སེམས་དཔའི་སྔགས་ཀྱི་ཐེག་པའི་ནང་ཞེ་སྡང་ལ་གནང་བའི་སྐབས་ཡོད་པ་རེད། དེར་བརྟེན་བསྒོམ་བྱའི་ལྷ་ལ་ལྷ་དྲག་པོ་ཡོང་བ་ནི་དེ་ལྟར་རེད། དེ་ཡང་འཇིགས་བྱེད་ལས། ཆོས་ཀྱི་སྐུ་ལ་བྱམས་སྡང་མི་མངའ་ཡང༌།། སྲིད་གསུམ་གདུག་པ་མ་ལུས་འདུལ་བའི་ཕྱིར།། ཐུགས་རྗེའི་ཐབས་ཀྱི་ཁྲོ་རྒྱལ་སྐུར་སྟོན་པ།། འཇིགས་བྱེད་གཤིན་རྗེའི་གཤེད་ལ་ཕྱག་འཚལ་ལོ།། ཞེས་གསུངས་པ་ལྟར་ཁྲོ་བོའི་སྐུར་བཞེངས་པ་ནི། ལམ་དེར་ཞེ་སྡང་ལམ་འཁྱེར་ཡོད་པ་ཡིན་སྟབས། ཞེ་སྡང་ལམ་འཁྱེར་བྱེད་མཁན་གྱི་རྣལ་འབྱོར་པ་དེའི་བསྒོམ་བྱའི་ལྷ་སྲུང་དེ་ཡང་དྲག་པོའི་རྣམ་པར་ཤར་བ་དེ་ལྟར་ཡིན། དེ་དང་འབྲེལ་ནས་རྒྱུད་སྡེ་བཞི་ཀའི་ནང་ཞི་སོགས་ཀྱི་ལས་རབ་འབྱམས་སོགས་ལས་མང་པོ་ཞིག་གསུང་གི་ཡོད་རེད།
ཞི་བའི་ལས་ཚེ་སྤེལ་བ་དང༌། ནད་ཞི་བ་སོགས་ཞི་བའི་ལས་དང༌། བསོད་ནམས་རྒྱས་པ་དང༌། ནོར་རྒྱས་པ་སོགས་རྒྱས་པའི་ལས། དབང་ཐང་རྒྱས་པ་དང༌། གཞན་དབང་དུ་བསྡུ་བ་སོགས་དབང་གི་ལས། དེ་ལྟར་དབང་དུ་འདུས་ནས། ཞི་བ་དང་རྒྱས་པ་གཉིས་ནི་གཙོ་བོ་རང་དོན་ལྟ་བུ་ཞིག་ཡོད། རང་དོན་ཡིད་བྱེད་ཀྱི་བསམ་པ་མ་རེད་དེ། གཞན་དོན་བསྒྲུབ་པའི་ཆ་རྐྱེན་དུ་རང་གི་ཚེ་རིང་བ་དང༌། ནད་མེད་པ་ལུས་བདེ་བ། རང་གི་ལོངས་སྤྱོད་སྙན་གྲགས་ལ་སོགས་པ་འཕེལ་བ་དེ་རེད། དབང་དང་དྲག་པོ་གཉིས་ནི། གཞན་ལ་ཐད་ཀར་འབྲེལ་བ་ཡོང་གི་ཡོད། དབང་གིས་གཞན་རང་གི་དབང་དུ་བསྡུ་བ། རང་གི་དབང་དུ་བསྡུས་ནས་ཚེ་གཡོག་གམ་བྲན་གཡོག་བྱེད་པའི་སྐད་ཆ་མ་རེད། གཞན་སྡིག་པ་ལ་སྤྱོད་མཁན་དེ་དག་སྡིག་སྤྱོད་ལས་བཟློག་ཕྱིར་རང་གི་དབང་དུ་བསྡུས་ནས་དབང་ཤེད་ཀྱིས་གཞན་སྡིག་སྤྱོད་ལས་བཟློག་ཏུ་འཇུག་པ་དེ་ཡིན། གཞན་སྡིག་པ་ལ་སྤྱོད་མཁན་དེ་དག་དབང་དུ་བསྡུས་ནས་སྡིག་སྤྱོད་ཀྱི་ལས་འཇམ་པོའི་ཐབས་ཀྱིས་བཟློག་ཐུབ་ན་དེ་ལྟར་བྱེད་རྒྱུ་དང༌། དེ་ལྟར་བྱས་ཏེ་བཟློག་ཐབས་རྩ་བ་ནས་མ་བྱུང་ན། ཚར་གཅོད་ཐབས་དྲག་པོའི་ལས་བཤད་ཡོད། དྲག་པོའི་ལས་ཀྱི་དབྱེ་བ་ལ། དཔེར་ན། དགྲའི་ཚོགས་ལྟ་བུ་ཞིག་ཡོད་ན། དེའི་ནུས་པ་གཅོག་པའི་མངོན་སྤྱོད་ཀྱི་ལས་སུ་དབྱེ་བའི་ལས་དང༌། དེ་མིན་དགྲ་བོ་ཡུལ་ཁམས་གཞན་དུ་བསྐྲད་པའི་ལས། གཞན་ཡང་དགྲ་བོའི་ལུས་ལ་ནད་གཏོང་བའི་རེངས་པའི་ལས། རྨོངས་པའི་ལས། མཐའ་མ་གསོད་པའི་ལས་བཅས་ཡོང་གི་ཡོད་པ་རེད།
འཕྲོས་འདོན་ཐེངས་རྗེས་མར་གཟིགས།