རྒྱ་གར་དམར་ཕྱོགས་ཚོགས་པའི་ནང་འཁྲུག
དེ་ཡང་རྒྱ་གར་གྱི་མངའ་སྡེ་ནུབ་བྷང་གྷལ་ནི་རྒྱ་གར་གྱི་དམར་ཕྱོགས་ཚོགས་པའི་ལྟེ་གནས་ཡིན་ཞིང༌། ལོ་གྲངས་༣༠ མ་ཟིན་ཙམ་མངའ་སྡེ་དེ་དམར་ཕྱོགས་ཚོགས་པས་འཛིན་མྱོང་ཡོད་པ་དང༌། ད་དུང་ཡང་མངའ་སྡེ་གཞུང་དམར་ཕྱོགས་ཚོགས་པའི་འཛིན་སྐྱོང་འོག་ཏུ་ཡོད་པ་རེད། འདས་པའི་ལོ་གྲངས་མང་པོའི་རིང་རྒྱ་གར་གྱི་གྲོས་ཚོགས་སུ་དམར་ཕྱོགས་ཚོགས་པས་རྐུབ་སྟེགས་མང་པོ་འཛིན་མྱོང་ཡོད་པས། དམར་ཕྱོགས་ཚོགས་པས་རྒྱ་གར་དབུས་གཞུང་ལ་ངོ་རྒོལ་བྱེད་སྐབས་ནུས་པ་ཧ་ཅང་ཆེན་པོ་ཐོན་གྱི་ཡོད་པ་རེད།
༢༠༠༩ ལོའི་རྒྱ་གར་འོས་བསྡུ་ཆེན་མོ་ཐེངས་བཅོ་ལྡ་པའི་སྐབས་དམར་ཕྱོགས་ཚོགས་པར་གྲོས་ཚོགས་ཀྱི་རྐུབ་སྟེགས་༡༥ ཙམ་ལས་ཐོབ་མེད་པས། ནུབ་བྷང་གྷལ་མངའ་སྡེའི་དམར་ཕྱོགས་གཞུང་གི་ནུས་ཤུགས་ཉམས་ཉེས་སུ་སོང་བ་དང་བསྟུན་ནས། རྒྱ་གར་གྱི་ཆབ་སྲིད་ཚོགས་པ་ཆེ་ཤོས་ཀོང་རི་སིས་ནུབ་བྷང་གྷལ་མངའ་སྡེ་ལ་ཐེ་གཏོགས་བྱེད་ཤུགས་ཆེ་རུ་བཏང་ཡོད་པ་དང༌། ནུབ་བྷང་གྷལ་མངའ་སྡེའི་དམར་ཕྱོགས་ཀྱི་དཔོན་པོ་དང་རྒྱ་གར་དབུས་གཞུང་གི་དཔོན་རིགས་ཁག་ཅིག་ནུབ་བྷང་གྷལ་དུ་ལྐོག་གསོད་གཏོང་གྲབས་བྱས་ཡོད་པར། མངའ་སྡེ་དེའི་འོག་གི་རྫོང་ཁག་མང་པོའི་ན་གཞོན་རྣམས་ལ་དོགས་པ་བྱས་ཏེ་བཀག་ཉར་བྱས་ཡོད་པའི་རྐྱེན་གྱིས། དེང་སྐབས་ས་གནས་དམར་ཕྱོགས་ཡུལ་མི་དང་དམར་ཕྱོགས་དབུས་གཞུང་གཉིས་དབར་འགལ་ཟླ་ཆགས་ཡོད་པ་རེད། དེའི་རྐྱེན་གྱིས་དྭངས་བླང་དམར་ཕྱོགས་རིང་ལུགས་པ་ན་གཞོན་མང་པོ་གནས་ངེས་མེད་དུ་གྱར་ནས། ས་གནས་གང་སར་འཕྲོག་བཅོམ་དང་མི་གསོད་ཀྱི་དཀའ་ངལ་མང་པོ་བཟོ་བཞིན་ཡོད་པས། རྒྱ་གར་དབུས་གཞུང་གིས་དྲག་པོའི་དམག་དཔུང་གཏོང་དགོས་བྱུང་ཡོད་ཅིང༌། ཆབ་སྲིད་པ་འགའ་རེས་ཀོང་རི་སིའི་ཆབ་སྲིད་ཚོགས་པས་ནང་འཁྲུག་འདི་ལ་ཐེ་གཏོགས་བྱས་ནས། རིམ་གྱིས་རྒྱ་གར་དམག་ཕྱོགས་ཚོགས་པ་རྩ་མེད་གཏོང་འཆར་ཡོད་པ་རེད་ཅེས་བརྗོད་བཞིན་ཡོད་པ་རེད།
སྤྱིར་རྒྱ་གར་གྱི་མང་གཙོ་གཞུང་ལ་དམར་ཕྱོགས་ཚོགས་པའི་མཐུན་འགྱུར་དེ་ཙམ་དགོས་ཀྱི་མེད་ཀྱང༌། རྒྱ་གར་གྱི་ས་མཚམས་ཁག་ཏུ་རྒྱ་ནག་གི་སྟངས་འཛིན་འོག་ཏུ་ཡོད་པའི་བལ་ཡུལ་དམར་ཕྱོགས་རིང་ལུགས་པ་རྣམས་རྒྱ་གར་གྱི་ས་མཚམས་ཁག་ལ་ཁྱབ་བརྡལ་མི་འགྲོ་བའི་ཆེད་དུ། རྒྱ་གར་གྱི་དམར་ཕྱོགས་ཚོགས་པའི་མཐུན་འགྱུར་དགོས་མཁོ་ཆེ་རུ་ཕྱིན་ཡོད་སྐོར་འདུག།