འོས་བསྡུའི་གལ་གནད་སྐོར་ལ་ྋགོང་ས་མཆོག་གི་བཀའ་སློབ༌།

དེ་དངོས་གནས་གཟི་བརྗིད་ཆེན་པོ་དང། རླབས་ཆེན་པོ་ཞིག་ཆགས་བསྡད་ཡོད་རེད། གང་ལྟར་ྋརྒྱལ་བ་རིན་པོ་ཆེས་བོད་ཀྱི་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་ཟེར་བའི་གནས་སྟངས་དེ་བསྒྱུར་བཅོས་འགྲོ་ཡི་ཡོད་རེད། གཞན་འདས་པའི་ལོ་བཞི་བརྒྱ་མ་ཟིན་ཙམ་གྱི་རིང་ལ་ྋརྒྱལ་བ་རིན་པོ་ཆེས་ཆོས་སྲིད་གཉིས་ཀྱི་འགོ་ཁྲིད་བྱས་ནས་ཕྱིན་པ་རེད། དེའི་ཚེ་དེའི་དུས་སུ་ཕན་ཐོགས་ཕྲན་བུ་བྱུང་ཡོད་ཀྱི་རེད་དེ། ད་ལྟ་དུས་ཚོད་ཡོལ་བའི་གནས་ཚུལ་ཞིག་རེད། ད་ལྟ་ང་ཚོའི་ཆབ་སྲིད་ཀྱི་འགྲོ་སྟངས་དེ་བརྒྱ་ཆ་བརྒྱ་ཐམ་པ་མང་གཙོའི་སྒང་ལ་འགྲོ་དགོས་པ་འཛམ་གླིང་ཀུན་གསལ་རེད། ཉེས་པའི་ཆ་ཕྲན་བུ་ཡོད་ཀྱི་རེད་དེ་མང་གཙོའི་ཐོག་ནས་འགྲོ་རྒྱུ་དེ་ཡག་ཤོས་ཆགས་བསྡད་ཡོད་རེད། དེར་བརྟེན་ང་ཚོ་བོད་པ་རྣམས་འཛམ་གླིང་སྤྱི་དང་མཐུན་པ་ཞིག་ཏུ་འགྲོ་དགོས་པ་ཧ་ཅང་གལ་ཆེན་པོ་རེད། དངོས་ཡོད་གནས་ཚུལ་ལ་ྋརྒྱལ་བ་རིན་པོ་ཆེ་ཞེས་མི་གཅིག་གི་སྒང་ལ་འགན་ཚང་མ་སྤུངས་བཞག་པ་ལྟ་བུ་བྱས་པ་ཡིན་ན། ལག་ལེན་ངོ་མའི་ཐོག་ནས་ཉེན་ཁ་ལྗིད་པོ་རེད། ལྟ་གྲུབ་ཀྱི་ཐོག་ནས་བསམ་བློ་བཏང་བ་ཡིན་ནའང་རེད། གང་ལྟར་ཕྱོགས་གཅིག་ནས་བསམ་བློ་བཏང་བ་ཡིན་ན། བོད་རྒྱ་ཆེའི་མི་མང་གི་རང་དབང་གི་འཐབ་རྩོད་ཅིག་རེད་མ་གཏོགས། དེ་མི་སྒེར་གྱི་གནས་ཚུལ་མ་རེད། དེ་འདྲ་ཡིན་དུས་མི་མང་གི་ལས་འགུལ་དེ་མི་མང་རང་གིས་འདེམས་ཐོན་བྱས་ནས། མི་མང་གིས་བདམས་པའི་མིས་འགོ་འཁྲིད་དགོས་པ་དེ་ཤིན་ཏུ་གལ་ཆེན་པོ་རེད། དེ་ལོ་ལྔ་རེ་ལྔ་རེའི་མཚམས་སུ་འོས་བསྡུ་བྱེད་རྒྱུ་བརྟན་པོ་ཆགས་ཡོང་དུས། ྋརྒྱལ་བ་རིན་པོ་ཆེ་ཡོད་ཀྱང་རུང་མེད་ཀྱང་རུང་གང་ལྟར་བཙན་བྱོལ་བོད་ཀྱི་ཆབ་སྲིད་ཀྱི་སྒྲིག་འཛུགས་འགྲོ་སྟངས་དེ་སྲ་བརྟན་ཞིག་ཆགས་འགྲོ་ཡི་རེད། དེ་འདྲ་ཡིན་དུས་ད་དུང་ང་ཚོས་ཡར་རྒྱས་གཏོང་དགོས་པ་དང། བརྟན་པོ་བཟོ་དགོས་པ་རེད། གཙོ་བོ་རྒྱ་ཆེའི་མི་མང་གིས་དོ་སྣང་མང་ཙམ་བྱེད་དགོས་པ་རེད། འོས་བསྡུ་བྱེད་པའི་སྐབས་ལ་མི་མང་རིགས་ཁ་ཤས་དོ་སྣང་དེ་ཙམ་མེད་པར་ལྷོད་གཡེང་འགྲོ་བ་དེ་འདྲ་ཡོང་གི་འདུག དེའི་ཐོག་ལ་མི་མང་ཚོས་དོ་སྣང་ཆེ་ཙམ་བྱེད་དགོས་པ་དང། མི་གཅིག་གིས་ལབ་ཀྱི་འདུག་ཟེར་བ་ལྟར་མ་ཡིན་པར་དུས་རྒྱུན་ནས་སྤྱི་ཚོགས་ནང་མི་ཡག་པོ་སུ་འདུག བསམ་བློ་གཏོང་སྟངས་ག་འདྲ་འདུག དེ་འདྲའི་ཐོག་ལ་དོ་སྣང་མང་ཙམ་བྱེད་པ་གལ་ཆེན་པོ་རེད། རིགས་གཅིག་གིས་ཆོས་སྲིད་ཟུང་འབྲེལ་ཡོང་གི་མ་རེད་ཟེར་མཁན་ཡོང་གི་ཡོད་རེད། ཆོས་སྲིད་ཟུང་འབྲེལ་ཟེར་བའི་གོ་བ་དེ་ཆོས་ཕྱོགས་ཀྱི་འགོ་ཁྲིད་ཅིག་ཆབ་སྲིད་ཀྱི་འགོ་ཁྲིད་བྱེད་དགོས་པ་རེད་ཅེས་པའི་སྒང་ལ་ཕྱིན་པ་ཡིན་ན་དུས་ཚོད་ཡོལ་བའི་སྐད་ཆ་རེད། ཡང་ཆབ་སྲིད་བྱེད་མཁན་གྱི་མི་དེས་ཆོས་ཕྱོགས་ཀྱི་ཡ་རབས་དང་དྲང་བདེན་གྱི་བསམ་བློ་ཡོད་པའི་ཐོག་ནས་ཆོས་སྲིད་ཟུང་འབྲེལ་ཞེས་ལབ་པ་ཡིན་ན་དེ་ཤིན་ཏུ་དགོས་པ་ཞིག་རེད་འདུག །