རང་བཙན་གྱི་ཕྱོགས་སུ་སྐུལ་འདེད།

དེར་བརྟེན་རིམ་བཞིན་བོད་ནང་དུ་བོད་རིགས་སྤུན་ཟླ་རྣམས་ཀྱིས་བོད་རང་བཙན་གྱི་ཆེད་དུ་ལས་འགུལ་རབས་དང་རིམ་པ་སྤེལ་བཞིན་ཡོད་པ་དང༌། རང་སྲོག་བློས་གཏོང་བྱེད་མཁན་ཡང་ཧ་ཅང་མང་པོ་བྱུང་ཡོད། བཙན་བྱོལ་བོད་གཞུང་དང་བཙན་བྱོལ་ནང་གི་གསར་འགྱུར་ལམ་ཁག་ནས་ྋགོང་ས་མཆོག་གི་དགོངས་གཞི་དང༌། བོད་རྒྱའི་དབར་འཛིན་པའི་སྲིད་བྱུས་དུས་ཐོག་ཁྱབ་བསྒྲགས་བྱེད་བཞིན་ཡོད་ནའང༌། གསར་འགྱུར་བརྒྱུད་ལམ་ཁག་རྒྱ་གཞུང་གིས་བཀག་འགོག་བྱས་ནས་བོད་ནང་དུ་དུས་ལྟར་ལྟ་ཉན་བྱེད་རྒྱུར་དཀའ་ངལ་མང་དག་ཅིག་འཕྲད་བཞིན་ཡོད། རྒྱ་གཞུང་གིས་གཉེར་བའི་བརྙན་འཕྲིན་དང་རླུང་འཕྲིན་གསར་འགྱུར་ཁག་ལྟ་ཉན་མ་བྱས་ན་མི་ཆོག་པའི་གནས་སྟངས་འོག་ྋགོང་ས་མཆོག་གི་དགོངས་གཞི་བོད་རང་བཙན་བྱེད་རྒྱུ་དེ་ཡིན་པ་དང༌། དེའི་ཐད་ཐབས་ཤེས་ཡོད་རྒུ་རྩལ་སྤྲུགས་གནང་བཞིན་ཡོད་ཚུལ་བོད་ནང་དུ་ཡོད་པའི་བོད་རིགས་མི་མང་གི་སེམས་ནང་བཞག་ཡོད། ྋགོང་ས་མཆོག་ནི་བོད་མི་རིགས་ཀྱི་བསམ་བློའི་ནང་ཆོས་སྲིད་གཉིས་ཐད་ནས་ཆེས་གོང་ན་མེད་པའི་དབུ་ཁྲིད་ཅིག་ཏུ་གུས་བཀུར་དང་ངོས་འཛིན་བྱེད་བཞིན་ཡོད་པ་ནི་ལོ་རྒྱུས་རིང་པོ་བགྲང་མི་དགོས་པར་མིག་སྔའི་གནས་ཚུལ་ཁག་གིས་ར་སྤྲོད་གསལ་པོ་བྱས་ཡོད་པ་དང༌། ཁོང་གིས་བོད་རང་བཙན་རྩོད་ལེན་དགོས་པའི་དགོངས་ཚུལ་འཛིན་གྱི་ཡོད་པ་བོད་མི་མང་གི་སེམས་ནང་དུ་འཇགས་པ་ཞིག་རྒྱ་གཞུང་གིས་ཆེད་གཉེར་གྱིས་བཟོས་ནས་བོད་མི་མང་གི་བསམ་བློ་དེ་བོད་རང་བཙན་གྱི་ཕྱོགས་སུ་སྐུལ་འདེད་བྱས་དང་བྱེད་བཞིན་ཡོད་པ་རེད།
    རྒྱ་གཞུང་གིས་བཙན་ཤེད་ཁོ་ན་ལ་བརྟེན་ནས་བོད་མི་རིགས་སྟངས་འཛིན་བྱེད་ཐུབ་པའི་བསམ་བློ་བཏང་ཡོད་ཀྱང་དོན་དངོས་ཐོག་འཛམ་གླིང་སྤྱིའི་གནས་སྟངས་ལ་འཕོ་འགྱུར་ཆེན་པོ་འགྲོ་བཞིན་ཡོད་པས། གནས་སྐབས་ཙམ་ལས་རྒྱ་གཞུང་གི་བསམ་ཚུལ་དེས་མཐའ་འཁྱོལ་མི་ཐུབ་པ་དངོས་ཡོད་གནས་ཚུལ་དུ་གྱུར་ཡོད། རྒྱ་གཞུང་གི་དཔོན་རིགས་ཁག་ཅིག་གིས་དུས་རྒྱུན་བོད་མི་རིགས་ཀྱི་གནད་དོན་ལ་འཁྱོག་བཤད་དང༌། ྋགོང་ས་མཆོག་ལ་གཞི་མེད་སྐུར་འདེབས་ཀྱི་ལས་འགུལ་སྔར་ལས་ལྷག་པ་སྤེལ་བཞིན་ཡོད་པ་སོགས་ད་ལྟའི་ཆར་བོད་ནང་དུ་ཡོད་པའི་བོད་མི་རྣམས་ཀྱི་བསམ་ཚུལ་ངོ་མ་བཤད་སའི་གོ་སྐབས་ཤིག་ཧ་ཅང་དཀོན་ཡང༌། སེམས་ནང་དུ་བཟོས་པའི་རྨ་ཁ་དེ་ཕྱིའི་པགས་པ་ལ་སྨན་བཅོས་བྱས་པ་ཙམ་གྱིས་དྲག་སྐྱེད་འབྱུང་མི་སྲིད་པ་དངོས་ཡོད་གནས་ཚུལ་དུ་གྱུར་ཡོད། རྒྱ་མི་རིགས་ཀྱི་སེམས་ནང་དུའང་ྋགོང་ས་མཆོག་དང་བོད་མི་རིགས་ལ་ལྟ་ཚུལ་ངན་པ་བཟོ་ཆེད་རྒྱ་གཞུང་གིས་དུས་རྒྱུན་ཁྱབ་བསྒྲགས་རྫུན་མ་མང་དག་ཅིག་སྤེལ་བཞིན་ཡོད་པས། བོད་རྒྱའི་འགལ་བ་དེ་མི་རིགས་གཉིས་ཀྱི་འགལ་ཟླའི་ངོ་བོ་རུ་རྒྱ་བསྐྱེད་བྱེད་བཞིན་ཡོད་པ་སོགས་དུས་དང་གནས་སྐབས་ཀུན་ཏུ་བོད་རྒྱ་མི་རིགས་གཉིས་ཀྱི་འཁོན་འཛིན་སེལ་མི་ཐུབ་པ་ཞིག་ཆགས་ནས། ྋགོང་ས་མཆོག་གི་དགོངས་གཞི་དང་ཡང་དག་པའི་ལྷག་བསམ་དེ་རྒྱ་གཞུང་གིས་ཆུད་ཟོས་སུ་གཏོང་རྒྱུའི་ངན་འཆར་གསལ་པོ་མངོན་ཡོད་པ་རེད།།