གློག་ཀླད་ནང་བོད་ཡིག་བེད་སྤྱོད་གཏོང་ཐབས།

    དེར་གྲྭ་བློ་བཟང་སྨོན་ལམ་གྱིས་གསུང་དོན། ད་སྐབས་རྒྱལ་སྤྱིའི་གཅིག་གྱུར་ཨང་རྟགས་ཅན་གྱི་བོད་ཡིག་ཡིག་གཟུགས་ཧི་མ་ལ་ཡ་དེ་བཟོས་པ་རེད། དེའི་སྐབས་སུ་སྐད་ཡིག་༡༦༠ ལྷག་གི་ས་མིག་ཡོད་པ་ལས། བོད་ཡིག་དེ་ཨང་༧༢ པ་དེ་རེད། ཧི་མ་ལ་ཡའི་བོད་ཡིག་དེ་གློག་ཀླད་སྒེའུ་ཁུང་(Windows vista) དང་སྦྱར་ནས་བཟོས་པ་ཞིག་རེད། སྨོན་ལམ་བོད་ཡིག་གསུམ་པ་ལ་དམིགས་བསལ་ཁྱད་ཆོས་(windows) དང་(mac apple )གསར་པའི་རིགས་ལ་བེད་སྤྱོད་བྱེད་ཐུབ་པ་དང། ད་དུང་དཔེ་དེབ་ཇུས་འགོད་མཉེན་ཆས་(Indesign) དང་རྩིས་ཁྲའི་མཉེན་ཆས་(Microsoft Excel) པར་རིས་ཇུས་འགོད་མཉེན་ཆས་(photoshop cs4) བཅས་ཀྱི་ནང་དུ་དཀའ་ཚེགས་མེད་པར་སྤྱོད་ཆོག་སྐོར་ངོ་སྤྲོད་གནང་སོང།
    དེ་བཞིན་བོད་ཀྱི་དུས་བབ་རྩོམ་སྒྲིག་ལས་རོགས་དོན་གྲུབ་བཀྲ་ཤིས་ཀྱིས་སྤྱིར་བོད་ཡིག་གི་འཕེལ་རིམ་དང། ལྷག་པར་དུ་བོད་ཀྱི་དུས་བབ་དྲ་རྒྱར་འཛུལ་ཞུགས་ཇི་ལྟར་དགོས་མིན་སྐོར་ངོ་སྤྲོད་གནང་སོང།
    བོད་ཀྱི་བང་ཆེན་དྲ་རྒྱའི་ཇུས་འགོད་པ་ངག་དབང་ཐར་པས་སྤྱིར་བོད་ཀྱི་བང་ཆེན་གྱི་བོད་ཡིག་དྲ་རྒྱ་དེ་ཉིད་བོད་ཡིག་དང། དབྱིན་ཡིག། རྒྱ་ཡིག་བཅས་སྐད་ཡིག་གསུམ་འཛོམས་ཀྱི་དྲ་རྒྱ་ཞིག་ཡིན་པ་དང། ལྷག་པར་དུ་དྲ་རྒྱ་འདིའི་ནང་དུ་གློག་ཀླད་ཀྱི་ན་ཚ་ཡོང་མི་ཐུབ་པའི་ཆ་རྐྱེན་ཡོད་པའི་སྐོར་དང། བོད་ཀྱི་བང་ཆེན་དྲ་རྒྱའི་ཟིན་བྲིས་སུ་ནང་འཛུལ་བྱེད་སྟངས་དང་པར་འཇུག་སྟངས་སོགས་དང། བོད་ནང་གི་བོད་མི་ཚོར་སོ་སོའི་གྲོགས་པོ་དང་ངོ་ཤེས་བརྒྱུད་ནས་རྒྱ་གཞུང་གིས་བཀག་པའི་དྲ་རྒྱའི་རིགས་ལ་(Free gate) ཞེས་པའི་མཉེན་ཆས་དེ་བེད་སྤྱོད་ཐུབ་ཐབས་དགོས་སྐོར་བཅས་ངོ་སྤྲོད་གནང་སོང།།