གསེར་འོད་འཕྲོ་བའི་ཞབས་རྗེས།

    དེབ་དེའི་ནང་དུ་ཆོས་རྗེ་འཇིགས་མེད་ཕུན་ཚོགས་མཆོག་གི་མཛད་འཕྲིན་སྤྱི་དང། བྱེ་བྲག་གསེར་རྟ་བླ་རུང་ལྔ་རིག་ཆོས་ཀྱི་གྲོང་ཁྱེར་དེ་ཐོག་མར་ཕྱག་བཏབ་པ་ནས་བཟུང། ཡར་རྒྱས་སུ་ཇི་ལྟར་ཕྱིན་ཚུལ་དང། ཆོས་ཕྱོགས་ཀྱི་སློབ་གཉེར་གནང་སྟངས། སློབ་གཉེར་བ་རྣམས་ཀྱི་ཉིན་རེའི་འཚོ་བ་སྐྱེལ་སྟངས་སོགས་ཀྱི་སྐོར་དང། ཕྱི་ལོ་༢༠༠༡ ལོ་ཟླ་༥ པའི་ཚེས་༢༤ ནས་རྒྱ་ནག་གིས་བཙན་བཀའི་འོག་ཆོས་རྗེ་མཆོག་གིས་གསུང་ཆོས་མཚམས་འཇོག་བྱེད་དགོས་བྱུང་བ་དང། སྔར་ཡོད་གྲྭ་བཙུན་ཆིག་ཁྲི་ཙམ་ལས་ཆོག་སྟོང་བཞི་བརྒྱ་མ་གཏོགས་བཞུགས་མི་ཆོག་ཅེས་གྲྭ་བཙུན་ཕྱིར་ཕུད་བཏང་བའི་སྐོར། མཐར་གྲྭ་ཤག་མང་པོ་གཏོར་བཤིག་བཏང་བ་དང། ཆོས་རྗེ་མཁན་ཆེན་འཇིགས་མེད་ཕུན་ཚོགས་མཆོག་ཕྱི་ལོ་༢༠༠༤ ལོའི་ཟླ་༡ ཚེས་༧ ཉིན་རྒྱ་ནག་ཁྲིན་ཏུའུ་གྲོང་ཁྱེར་གྱི་དམག་མིའི་སྨན་ཁང་ཞིག་ཏུ་སྐུ་གཤེགས་པ་དང། སྐུ་གཤེགས་རྐྱེན་གྱི་སྐོར། ད་ལྟའི་ཆོས་སྡེ་དེ་ཉིད་ཀྱི་གནས་བབས་སྐོར་སོགས་འཁོད་ཡོད་པ་རེད།
    དེབ་དེ་བོད་ཡིག་དང་དབྱིན་ཡིག་གཉིས་ཀྱི་ཐོག་ཡོད་པ་མ་ཟད། ལོ་རྒྱུས་དང་འབྲེལ་བའི་ཚོན་ལྡན་འདྲ་པར་ཁག་འགྲེལ་བཤད་དང་སྦྲགས་ནས་བཀོད་ཡོད་པས་ཡིག་རྨོངས་པ་ཞིག་ཡིན་ཡང་འདྲ་པར་ལ་བརྟེན་ནས་དེབ་དེའི་ནང་དོན་རང་བཞིན་གྱིས་རྟོགས་བདེ་བོ་ཡོད་པ་དང། ལོ་རྒྱུས་འབྲེལ་བཤད་དེ་དག་ཀྱང་ཧ་ཅང་མི་རིང་བས་ཀློག་མཁན་རྣམས་ལ་སུན་སྣང་མི་འབྱུང་བ་དང། ཧ་ཅང་མི་ཐུང་བས་ལོ་རྒྱུས་ངོ་སྤྲོད་གསལ་པོ་བྱེད་ཐུབ་པ། ལྷ་སྒྲུང་དང་བཅོས་མའི་རྫུན་ཚིག་གིས་མ་བསླད་པར་ཞིབ་འཇུག་གི་རིན་ཐང་ལྡན་པ། ཚིག་མཁྲེགས་པོ་དང་བརྡ་རྙིང་མངོན་བརྗོད་བཅས་ཀྱིས་མ་སྤྲས་པར་ཁ་གསལ་ལ། ཡུལ་ལུང་བྱེ་བྲག་པའི་ལོག་སྐད་ཀྱིས་མ་བསླད་པར་བརྡ་སྤྲོད་ཀྱི་འགྲོས་དང་མཐུན་པ་བཅས་ཀྱི་ཁྱད་ཆོས་ལྡན་ཡོད་པ་རེད། །