འབྲུག་པ་བོད་རིགས་མིན་ཡང་འབྲུག་ཡིག་བོད་ཡིག་རེད།
ད་ལྟའི་ཆར་ངེད་བོད་པ་ཚོ་སྐྱོ་ངལ་གྱི་བཙིར་ཞིང་ཡུལ་འཁྱམ་གྱི་གནས་སྟངས་འོག ཁྱེད་འབྲུག་པ་ཚོས་སོ་སོའི་ཆོས་དང་རིག་གཞུང། དེ་བཞིན་ཆས་གོས་དང་ཡུལ་སྲོལ་དག་རྒྱུན་འཛིན་གནང་བཞིན་པའི་དུས་བཟང་མཐོང་དུས་། དངོས་བདེན་ཁྱེད་ཚོར་སྨོན་འདུན་གྱི་མེ་ཏོག་འཐོར་ཞིང་བསྟོད་དབྱངས་འབུལ་དགོས་ངེས་རེད། ཡུལ་གྱར་བོད་མི་ཚོས་ཁྱེད་ཚང་ལ་འགོག་ཐབས་མེད་པར་སེམས་གཏིང་ནས་ཡིད་མོས་ཤོར་ཞིང་སྨོན་འདུན་ཡང་ཞུ་འོས་པ་ཞིག་རེད།
དེ་མིན་མཛེས་སྡུག་ལྡན་པའི་འབྲུག་མོ་ཚོས་ཞབས་བྲོ་འཁྲབ་དུས་ཉམས་ཆུང་དང་ཡ་རབ་ཀྱི་དབྱིགས་གཟུགས་དེ་དག་ནི་དངོས་གནས་ཀུན་གྱིས་བསྟོད་དགོས་པ་དང་ཡིད་འཕྲོག་ཐུབ་པ་ལྟར་འདུག་ལ། དེང་དུས་འབྲུག་མོ་ཚོས་སྐྲ་ལོ་རིང་པོ་བཞག་ཆོག་སྐོར་ཐོས་སྟབས་དབུ་སྐྲ་སིལ་ལེང་ལྕང་མས་འབྲུག་མོ་ཚོ་སྔར་བས་ཡིད་འཕྲོག་མ་ཤ་སྟག་ཡིན་ངེས་རེད།
དེ་སྔོན་ངོ་ཤེས་བོད་མོ་ཞིག་འབྲུག་བུ་ཞིག་དང་འཆང་ས་བརྒྱབ་ཅིང་ཕྲུ་གུ་གསོ་སྐྱོང་གིས་ཁྱིམ་གཞི་ཆག་པ་དང༌། མོ་རང་གིས་ཡིད་ཚིམས་པའི་ངང་ནས་གུས་མོར་། འབྲུག་པ་ཟེར་ནའང་བོད་དང་གཅིག་པ་གཅིག་ཀྱང་རེད། ཡུལ་ལུང་གི་སྐད་ཅུང་མི་འདྲ་ས་ཡོད་ཀྱང༌། ཁོང་ཚོས་བོད་སྐད་དང་བོད་ཡིག་བེད་སྤྱོད་པ་མ་ཟད། ཡུལ་གོམས་གཤིས་ལུགས་མང་དག་ངེད་བོད་པ་ཚང་དང་གཅིག་མཚུངས་རེད་འདུག དེ་འདྲ་ཡིན་དུས་། ང་རང་ཡང་ཁྱོ་བོ་དང་མཉམ་དུ་འཚོ་བ་དེ་ནི་རང་ཡུལ་དུ་གནས་པ་དང་གཅིག་མཚུངས་རེད་ལ་མི་ཚོས་དད་འདུན་བྱེད་ས་དེའང་ནང་ཆོས་ཡིན་སྟབས་སེམས་ལ་དཀའ་ངལ་མི་འདུག་གསུངས་སོང། ང་ཚོའི་ཡུལ་མིའི་དབུས་སུ་མཐའ་ན་མ་འོངས་བོད་ལ་རེ་བ་ཟད་སོང་ན། འབྲུག་ཏུ་ཕྱིན་ནས་བསྡད་ཐབས་བྱེད་པ་ཡིན་ནའང༌། རང་བོད་ཀྱི་ཡུལ་ལུང་དུ་སླེབས་པ་དང་གཅིག་མཚུངས་རེད་ཟེར་མཁན་ཡང་ཡོད། དེར་བརྟེན། འབྲུག་ཡུལ་བོད་ཡུལ་མིན་ཡང་ང་ཚོ་སངས་རྒྱས་གཅིག་གི་རྗེས་འཇུག་དང་སློབ་བུ་ཡིན་དུས། མཛའ་བརྩེའི་ཕུ་ཐག་སྐྱོང་དགོས་ལ། ལག་ལྡང་སྒྲིལ་ནས་མཐུན་ཕྱོགས་ཀྱིས་བདེ་དོན་འབད་བརྩོན་དགོས་ངེས་རེད་སྙམ།
དེ་མིན་ཁྱེད་ཀྱིས་བོད་ཀྱི་ལོ་རྒྱུས་ཀྱི་ཕུ་ཐག་འབྲེལ་བརྗོད་སྐབས་སུའང་གཅིག་མཚུངས་ཀྱིས་འཇམ་དཔལ་རྩ་རྒྱུད་ཀྱི་ཚིག་རྐང་དེའི་ནང་དོན་ལུང་དྲངས་ཏེ་ ཐག་རིང་ས་ནས་བཤད་ན་སྔོན་བོད་ཀྱི་ས་ཆ་དེ་མཚོ་ཡི་རང་བཞིན་དུ་གནས་པ་ལས། བདག་ཅག་གི་སྟོན་པ་རྒྱལ་པོ་ཟས་གཙང་གི་སྲས་གཞོན་ནུ་དོན་གྲུབ་སྐུ་མྱ་ངན་ལས་ འདས་ནས་ལོ་༡༠༠ འི་རྗེས་རིམ་གྱིས་མཚོ་བྲི་ནས་ཤིང་ས་ལའི་ནགས་བྱུང་ཞིང་། དེའི་རྗེས་མ་རྗེ་བཙུན་སྒྲོལ་མའི་སྤྲུལ་པ་བྲག་སྲིན་མོ་དང་ཕ་སྤྱན་རས་གཟིགས་ ཀྱི་སྤྲུལ་པ་སྤྲེའུ་གཉིས་འདུས་པ་ལ་བརྟེན་ནས་བོད་ཀྱི་མི་རིགས་བྱུང་ཡོད་པར་ བོད་ཀྱི་ཆོས་འབྱུང་དང་རྒྱལ་རབས་ནས་གསུངས་ཡོད་རེད།
ཅེས་པ་ནི་ད་ལྟའི་ཆར་བརྗོད་གཞི་དེར་ང་ཚོས་ཀྱང་ཞིབ་འཇུག་དང་རྟོག་དཔྱོད་དགོས་པར་ངོས་འཛིན་པ་ལས། དེ་ཡོངས་སུ་ཐག་ཆོད་ཅིང་གཏན་འབེབས་བྱས་ཚར་བ་ཞིག་མིན་པ་འཁྲུགས་ཆ་ཆེ་བའི་བོད་ཀྱི་རྒྱལ་རབས་ལོ་རྒྱུས་ལ་ཕྱིར་བལྟས་བྱས་ན་ཅུང་མཁྱེན་ཐུབ་སྙམ། དཔེར་མཚོན་གཞན་ཞིག་གིས་བཀྲལ་ན་ལོ་རྒྱུས་ཀྱི་ཡིག་ཆ་འགར་སི་ཏི་རིན་པོ་ཆེས་བོད་ཀྱི་བརྡ་སྤྲོད་ཀྱི་སྐོར་ལ་གླེགས་བམ་མང་ཙམ་བརྩམས་ཡོད་པ་བརྗོད་ཀྱང་དེ་དག་ཚང་མ་ད་ཆ་མིག་མདུན་མངོན་རྒྱུ་མེད་པའི་གནས་སྟངས་དང་གཅིག་མཚུངས་ཡིན། དེ་འདྲའི་ལོ་རྒྱུས་ཀྱིས་ཁུང་ལུངས་ཟེར་བས་ཀྱང་འགྲེལ་བརྗོད་གསལ་པོ་མ་ཐུབ་པ་ཇི་ཉིད་ཅིག་ཡོད་པ་རེད། བོད་པའི་ལོ་རྒྱུས་ནི་ཁྱེད་འབྲུག་ཡུལ་དང་མི་འདྲ་ས་ནི་ང་ཚོའི་ལོ་རྒྱུས་ཀྱི་རྒྱུ་ཆའམ་དཔང་རྟགས་གསལ་པོའི་ཡིག་ཆ་བཏོན་རྒྱུ་མེད་པ་དེ་རེད།
འོན་ཀྱང་དེའི་ཙམ་གྱིས་བོད་མིའི་ད་ཡོད་ཁུང་ལུངས་གཅིག་པུར་དེ་ཁོ་ན་བགྲང་ནས་འབྲུག་ཡུལ་ཚུད་འཛམ་གླིང་མིའི་བྱུང་འཕེལ་གྱི་ལོ་རྒྱུས་ཁྲི་ཁྲག་ཉེ་བར་བགྲང་རྒྱུ་ཡོད་ཀྱང་བོད་ཀྱི་ལོ་རྒྱུས་སྟོང་ཁྲག་གསུམ་ཙམ་གྱིས་ཚོད་འཛིན་བྱས་ཡོད་པ་དེ་རང་དུ་ངོས་བཟུང་ན་རྩ་བའི་རྒྱུན་ཤེས་དང་འགལ་བའི་གནས་དོན་ཞིག་རེད། ཁུངས་ལུང་ཟེར་བ་དེ་འདྲ་བགྲང་རྒྱུ་ཡོད་མེད་ལ་མ་ལྟོས་པར་། བོད་ཁ་བ་གངས་ཅན་པའང་འཛམ་གླིང་མིའི་སྤྱི་མཚུངས་ལྟར་ལོ་ཁྲི་ཁྲག་སྔར་ནས་བྱུང་ཡོད་པ་ལས་འབྲུག་མི་ཚུད་འཛམ་གླིང་མིའི་རིགས་བྱུང་ནས་བགྲང་བྱ་སྟོང་ཁྲག་འགའ་ཤེས་རྗེས་སུ་གཞི་ནས་གངས་ཅན་པ་བྱུང་བར་བརྗོད་ན་བློ་གཟུར་བོར་གནས་པའི་མཁས་པ་ཡིན་ཡང་ངོས་ལེན་བྱེད་ཁག་པའི་དོན་དངོས་རེད། དེ་ནས་ཁྱེད་ཀྱིས་བོད་ཡིག་འབྲུག་ཡིག་མིན་ཚུལ་གསུངས་འདོད་པ་དེའང་ངོས་ལེན་བྱེད་བདེ་པོ་ཞིག་མ་རེད། རྙོག་འཛིང་གིས་རང་ལུགས་བཙན་གྱིས་འཛིན་དགོས་པ་མི་འདུག་སྙམ།
དེའི་སྐོར་ལ་ཡང་དཔེར་ཙམ་བཀོད་ན། ད་ལྟའི་ཆར་གྱི་ཐེ་ཝན་མི་ཚོས་ཁོ་ཚོས་སྲོལ་རྒྱུན་གྱི་རྒྱ་ཡིག་དེ་དེང་སང་དམར་གཞུང་གིས་བསྒྱུར་བཅོས་སམ་སྟབས་བདེ་བཅོས་ཚར་བའི་རྒྱ་ཡིག་དེ་མིན་ཚུལ་ཨ་ཚུགས་མཐའ་བསྐྱེལ་བྱེད་ལ། ད་དུང་རྒྱ་ནག་དམར་གཞུང་གིས་བྱེད་ལས་དེར་སྐྱོན་བརྗོད་ཤུགས་ཆེར་བྱེད་བཞིན་པ་རེད། གནས་སྟངས་དེར་ཁ་གསལ་ཙམ་བརྗོད་ན། སྲོལ་རྒྱུན་གྱི་རྒྱ་ཡིག་དེར་བཅས་བསྒྱུར་གྱི་གོ་རིམ་ངེས་ཅན་བརྒྱུད་ད་ཆ་འཛམ་གླིང་ཡོངས་ཀྱི་རྒྱ་མི་མང་ཆེར་གྱིས་བེད་སྤྱོད་ཅིང་དར་ཁྱབ་ཆེན་པོ་སོང་ཟིན་པའི་རྒྱ་ཡིག་ཡིན་པས། མཁྲེགས་འཛིན་ཚོས་དེ་གཙིགས་འཛིན་བྱེད་པར་གཞིགས་ན། ཐེ་ཝན་གྱི་རྒྱ་ཡིག་དེ་རྒྱ་ཡིག་ཡིན་པ་ལས། དམར་ཤོག་ཚོས་བཅོས་བསྒྱུར་བྱས་པའི་སྐམ་ས་ཆེན་མོའི་རྒྱ་ཡིག་དེ་རྒྱ་ཡིག་མིན་ཞེས་བཤད་ན་དགོས་པའི་དབང་གིས་འགའ་རེས་ཡིད་མཐུན་བརྗོད་སྲིད་ཀྱང༌། གཟུར་གནས་ཚོས་ངོས་ལེན་གནང་མི་སྲིད་པ་རེད། དེ་མཚུངས་། འབྲུག་ཡིག་ལའང་རང་གི་བྱུང་རབས་མི་འདྲ་བ་ཞིག་གླེང་རྒྱུ་ཡོད་པ་བཞིན་གདོན་མོའི་བོད་ལ་ཞང་ཞུང་གི་སྐད་ཡིག་ཡོད་པ་དང༌། དེ་རྗེས་དེང་གི་བོད་ཡིག་ནི་སློབ་དཔོན་ཐོན་མིས་རྒྱ་གར་ཡིག་རིགས་ཉཛ་ལ་དཔེ་བྱས་ནས་རང་རིགས་ཀྱི་གཤིས་སྤྱོད་དང་མཐུན་པའི་བོད་ཡིག་འདི་གསར་གཏོད་མཛད་པ་ཡིན་གྱི་དེ་བོད་ཡིག་མ་རེད་ཟེར་ན་མི་འོས་ཀྱང་དེ་རྒྱ་གར་ཡི་གེ་རེད་ཟེར་ནའང་ནོར་འཕྲུལ་སོང་བའི་གནས་སྟངས་དེ་ཁྱེད་ཀྱིས་ཀྱང་འབྲུག་ཡིག་བོད་ཡིག་མིན་པར་བརྗོད་སྟངས་དང་གཅིག་མཚུངས་ཡིན་པས་མཁྱེན་པར་མཛོད་ཅིག
དེ་བཞིན་། ད་ལྟའི་ཆར་འབྲུག་གི་སྐད་དང་ཡི་གེ་གཉིས་བོད་ཡིག་དང་འདི་རེད་འདི་མ་ཡིན་ཟེར་བའི་རྦད་དེ་ས་མཚམས་གསལ་པོ་ཁྱེད་ལ་འབྱེད་རྒྱུ་ཡོད་ན་ཁ་བཙུམས་ནས་མི་བཞུགས་པར་རྒྱུ་མཚན་བགྲང་ན་དགའ་བསུ་ཡོད།
གཞན་ཡང་འབྲུག་དང་བོད་དབར་འདས་སོང་ལོ་རྒྱུས་ཀྱི་རྙོགས་འཛིང་དེ་དོན་དངོས་གང་འདྲ་ཡིན་མིན་ང་ཚོས་ཀྱང་གསལ་པོ་ཤེས་ཀྱི་མི་འདུག་པས་འབྲུག་པའི་ཡུལ་མི་ཚོས་དེའི་སྐོར་སྤྱི་མཚུངས་ཀྱི་གླེང་ཕྱོགས་མདོར་བསྡུས་རེ་འདིར་གསུང་ཐུབ་ན་དགའ་བསུ་ཞུའོ།
དེ་མིན་ངེད་བོད་པ་མང་ཆེར་གྱིས་ད་ལྟའི་ཆར་ཧེ་མ་ལ་ཡའི་རི་རྒྱུད་ཀྱི་སངས་རྒྱས་ཤཀྱ་ཐུབ་པའི་རྗེས་འབྲང་ངམ་ནང་པའི་ཆོས་མཐུན་ཚོས་བོད་ཡིག་སྦྱོང་འགོ་བརྩམས་ནས་ནང་ཆོས་དར་སྤེལ་གཏོང་གི་འདུག་ཟེར་ཡང༌། ཡུལ་ལུང་དེ་དག་གི་མི་རྣམས་ཀྱང་ཁོང་ཚོས་སྦྱང་བཞིན་པ་དེ་བོད་ཡིག་མིན་ལ་བྷོ་ཏྲའི་སྐད་ཡིག་རེད་གསུངས་ནས་ཚུར་རྩོད་པ་རྒྱག་གི་འདུག་ཟེར། དེའི་སྐོར་ཡང་བརྗོད་རྒྱུ་མང་པོ་ཞིག་ཡོད་ཀྱང་འབྲུག་བུ་རྡོ་རྗེ་རྒྱལ་མཚན་ལགས། དེ་ཙམ་གྱིས་ཆོག་པར་བྱོས།
ཧེཧེཧེཧེ།