རྩོམ་པ་པོ་ངོ་སྤྲོད་མཚམས་སྦྱོར་སྙིང་བསྡུས།

 

བོད་ཕྱི་ནང་དང་འཛམ་གླིང་ཤར་ནུབ་གང་སར་རྩོམ་རིག་གི་གྲགས་པའི་མཚན་སྙན་འབར་བ། བོད་རིག་པའི་སྙན་ངག་དང༌། ལོ་རྒྱུས་སྨྲ་བའི་རྩོམ་པ་པོ་ཧོར་གཙང་འཇིགས་མེད་ལགས་ཀྱིས། མི་ལོ་བཅུ་ཕྲག་མ་ཟིན་ཙམ་ལ་དཀའ་བ་ཁྱད་དུ་བསད་དེ། བོད་ཕྱི་ནང་དང་འཛམ་གླིང་ཤར་ནུབ་གང་ས་ནས། རྒྱ་བོད་དབྱིན་གསུམ་གྱིས་མཚོན་པའི་སྐད་ཡིག་འདྲ་མིན་གྱི་དཔྱད་གཞི་ཡིག་ཆ་ཧ་ཅང་མང་པོའི་སྙིང་དོན་གཅིག་ཏུ་བསྡེབས་ནས། <<མདོ་སྨད་ལོ་རྒྱུས་ཆེན་མོ་>>དེབ་དྲུག་གསར་བརྩམས་གནང་འདུག་པར་སྨྲ་བསམ་བརྗོད་ལས་འདས་པའི་དགའ་བ་ཆཻས་ཆེར་འཕེལ།

                རྩོམ་པ་པོ་ཧོར་གཙང་འཇིགས་མེད་ནི། བོད་ཀྱི་སྐད་ཡིག་རིག་གཞུང་དང་ལྷག་པར་རྩོམ་རིག་ལ་དོ་སྣང་ཡོད་མཁན་ཞིག་ཡིན་ཕྱིན་ཆད། གོ་མ་མྱོང་བ་ཧ་ལམ་མི་སྲིད་ཟེར་ན་ཆོག ཡིན་ནའང་དེང་རབས་ཀྱི་འགྲོ་སྲོལ་ལ་དཔེ་དེབ་ཅིག་ཐོན་ན་དེའི་འགོར་རྩོམ་པ་པོའི་ལོ་རྒྱུས་སྙིང་དོན་རེ་འགོད་སྲོལ་ཡོད་པ་དེར་ཀློག་པ་པོ་སྤྲོ་བ་སྐྱེད་པ་དང་རྩོམ་པ་པོའི་བཀའ་དྲིན་དྲན་ཕར་ཉེ་བར་མཁོ་བས་ཅིས་ཀྱང་འགོད་འོས་པར་སེམས།

རྩོམ་པ་པོ་ཧོར་གཙང་འཇིགས་མེད་ནི། སྤྱི་ལོ་ ༡༩༦༧ ལོར་ཡབ་བསོད་ནམས་དང་ཡུམ་ལྷ་མོ་མཚོ་གཉིས་ཀྱི་སྲས་སུ་མདོ་སྨད་ཧོར་གཙང་ཆུ་གདོང་གྲོང་དུ་འཁྲུངས།  ཁོང་མི་ཡུལ་གྱི་འཇིག་རྟེན་འདིར་འཕོས་ནས་མི་ལོ་བཅུ་དྲུག་གི་རིང་སློབ་གྲྭའི་སྒོ་ཆེན་འགྲིམས་པའི་གོ་སྐབས་མ་བྱུང་བའི་ཁར།  ལོ་ན་ཆུང་དུས་ནས་ཡབ་ཆེན་གྲོངས་པ་དང་རིག་གནས་གསར་བརྗེ་ཆེན་པོའི་རླུངས་རླབས་འཚུབ་པ། ཁྱིམ་གཞིས་ཀྱི་འཁོས་ཀ་ཞན་པ། གྲོང་རོགས་ཁྱིམ་འཚེམས་ཀྱི་བྱིས་པ་ཚོས་བརྙས་བཅོས་མྱོང་བ་བཅས་ཀྱི་ཁྲོད་ནས་ཚར་ལངས་བྱུང་བས།  སྐབས་དེ་དག་ཏུ་ཀ་བོང་མགོ་ཙམ་མི་ཤེས་པའི་འབྲོག་ཕྲུག་ཉམ་ཆུང་ཞིག་ཡིན་ཡང༌།   སྔོན་གྱི་བག་ཆགས་ཀྱི་མཐུས་བློ་རིག་བཀྲ་བ་དང་ཤེས་རབ་མྱུར་བའི་ལྷན་སྐྱེས་ཀྱི་ཆ་རྐྱེན་གཞན་ལ་མེད་པའི་ཁྱད་ཆོས་ལྡན།

                ལྕགས་སྤྲེལ་ ༡༩༨༠ ལོར་ཀུན་མཁྱེན་འཇམ་དབྱངས་བཞད་པའི་གདན་ས་མདོ་སྨད་ལྷོ་རྒྱུད་ཀྱི་ཆོས་སྡེ་ཆེན་པོ་བླ་བྲང་བཀྲིས་འཁྱིལ་དུ་ཆོས་ཞུགས་གནང་རྒྱུའི་གོ་སྐབས་ཐོབ། དེ་ནི་ཁོང་གི་མི་ཚེ་ནང་མགོ་ཐོག་ཏུ་བབ་པའི་འོད་ཐིགས་དང་པོ་དེ་ཡིན་ལ།  མིག་ཟུང་ལ་འཇིག་རྟེན་གསར་པ་ཞིག་སྣང་བའི་དབང་རྟེན་གསར་པ་ཞིག་ཀྱང་བསྐྲུན་པ་ཡིན།  མི་ལོ་ཧྲིལ་པོ་ལྔ་ཡི་རིང་ཆོས་སྡེ་ཆེན་པོ་དེར་བསྡུས་གྲྭ་བློ་རྟགས་ནས་ཕར་ཕྱིན་གྱི་བར། རྒྱན་དྲུག་མཆོག་གཉིས་ལྟ་བུའི་གཤེས་གཉེར་མཁས་པ་དུ་མའི་དྲུང་ནས་གསན་བསམ་རྒྱ་ཆེར་བྱས།  སྐྱེས་སྟོབས་ཀྱི་ཤེས་རབ་དང་སྦྱངས་སྟོབས་ཀྱི་ཡོན་ཏན་ཡ་མ་བྲལ་བས། སློབ་གཉེར་བའི་ཁྲོད་ནས་འབུར་དུ་འཐོན་པའི་བློ་གྲོས་ཀྱི་སྣང་བ་རྒྱས།  མཁས་པ་རྒན་རབས་པ་ཚོ་ལས་བསྔགས་བརྗོད་ཀྱང་མི་ཉུང་བ་ཐོབ།  ཐོས་པ་ཉུང་བ་དང་འགྲན་སེམས་ཅན་ཉུང་ཤས་ཀྱིས་ལྐོག་ཏུ་ངན་སྨྲས་ཀྱང་འདྲ་མིན་བྱས་འདུག་ལ།  ས་ཐག་རིང་བ་དང་ཁྱིམ་གྱི་འཁོས་ཀ་ཞན་པ།  རྣམ་རིག་བཀྲ་བ།  སྤྱོད་པ་གྱོང་བ་བཅས་ལ་བལྟས་ན་དེ་སྔོན་དྷིའ་ཙཱ་སྐམ་པོ་བླ་བྲང་དུ་བཞུགས་སྐབས་དང་འདྲ་སེ་བྱུང་འདུག

                མེ་སྟག་སྤྱི་ལོ་༡༩༨༦ ཀན་སུ་ཞིང་ཆེན་ནང་བསྟན་སློབ་གྲྭ་ཆེན་མོར་ཞུགས་རྒྱུའི་གོ་སྐབས་ཐོབ།  མཐོ་སློབ་དེའི་ནང་མི་ལོ་ཧྲིལ་པོ་བཞིའི་རིང་ལ་རྒྱ་བོད་ཀྱི་ཡིག་རིགས་དང༌།  སུམ་རྟགས་དག་གསུམ།  དབུ་ཚད་ཕར་གསུམ། སྙན་མངོན་སྡེབ་གསུམ།  རྒྱལ་རབས་དང་ཆོས་འབྱུང༌།  དེབ་ཐེར་དང་ལོ་རྒྱུས་ཀྱིས་མཚོན་པའི་རིག་པའི་གནས་དུ་མར་བརྩོན་པ་ཆུ་བོའི་རྒྱུན་བཞིན་བསྐྱངས་ནས་བསླབས།

                སྤྱི་ལོ་ ༡༩༩༠ ལོར་པཎ་ཆེན་ཆོས་ཀྱི་རྒྱལ་མཚན་གྱིས་གསར་འཛུགས་གནང་བའི་པེ་ཅིན་བོད་རྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་དུ་འཛུལ་ཞུགས་གནང་རྒྱུའི་གོ་སྐབས་ཐོབ།  སློབ་གླིང་དེར་ལོ་ངོ་གསུམ་གྱི་རིང་ལ་ས་དགེ་རྙིང་གསུམ་དང༌།  ཀ་འབྲུག་བོན་གསུམ་གྱི་ཆོས་འབྱུང་དང་ལྟ་གྲུབ།  གཞན་ཡང་རྩིས་དཀར་ནས་དང་རྒྱ་ཡིག་སོགས་ལའང་སྤྱི་འགྲོས་ལྟར་བསླབ་པའི་ཞོར་དུ་༼ཆུ་ཤིང་བསྟན་བཅོས་ཀྱི་འགྲེལ་བ་༽དང༌།  ༼སྙན་ངག་མཚོ་བྱུང་དགྱེས་པའི་འཛུམ་ཟེར་༽སོགས་བརྩམས།  ༼ཆུ་ཤིང་བསྟན་བཅོས་ཀྱི་འགྲེལ་བ་༽ནི་བོད་ལྗོངས་ནང་བསྟན་དུས་དེབ་ཐོག་བཀོད་པར་བོད་ཕྱི་ནང་གི་ཀློག་པ་པོ་མང་པོས་གདེང་འཇོག་ཆེན་པོ་གནང་འདུག་ལ། ༼སྙན་འགྲེལ་མཚོ་བྱུང་དགྱེས་པའི་འཛུམ་ཟེར་༽ལ་བསེ་ཚངས་བློ་བཟང་དཔལ་ལྡན་གྱིས་བསྔགས་བརྗོད་རྒྱ་ཆེར་གནང་འདུག ད་དུང་སྙན་རྩོམ་ཐོར་བུ་མང་པོ་བྲིས་པར་ཀློག་པ་པོ་མང་པོའི་དགའ་བསུ་རྒྱ་ཆེར་ཐོབ།  གཞིས་ལུས་བོད་ཀྱི་གཞོན་སྐྱེས་རྩོམ་པ་པོའི་ཁྲོད་ནས་རྩྭ་ཤིང་རི་བྲག་གི་ཚིག་ལོའི་འདྲ་འབག་ཙམ་མིན་པ། ནང་ཆོས་རིག་པའི་ཞགས་རྩི་བགོས་པའི་སྙན་ངག་སྨྲ་བ་ཆེས་ཕུལ་དུ་བྱུང་བ་ཉག་གཅིག་དེ་ཡིན་ཞེས་བརྗོད་ན་མི་ཆོག་པ་གང་ཡང་མེད། སྐབས་དེ་དུས་ནས་མཁས་པའི་མཚན་སྙན་གྱི་མྱུ་གུ་འབུས་མགོ་ཚུགས།  སྦྲང་ཆར་དང་ཟླ་ཟེར་སོགས་སུ་བཀོད་པའི་སྙན་ངག་རྩོམ་ཆོས་མང་པོ་བཀོད་པ་རྣམས་ལ་ཀློག་པ་པོ་མང་པོའི་དགའ་བསུ་ཐོབ་པར་མ་ཟད་སྙན་རྩོམ་ཁ་ཤས་ལ་ཆེས་མཐོའི་བྱ་དགའ་ཡང་ཐོབ་འདུག

                ཆུ་སྤྲེལ་ ༡༩༩༢ ལོ་འཇུག་ཏུ་རྒྱ་གར་དུ་བཙན་བྱོལ་ལ་འབྱོར་ནས། ྋགོང་ས་མཆོག་ལ་མཇལ་བཅར་གྱི་སྐལ་བཟང་ཐོབ།  ཙན་དན་དང་ལྕང་མའི་རིན་ཐང་མཉམ་པ། རིག་གཞུང་དམངས་གཙོའི་ཐོབ་ཐང་དར་བའི་ཁོར་ཡུག་འདིར་ཡུལ་གོམས་གཤིས་ལུགས་དང༌།  སྐད་ཡིག་ངོ་ཤེས་གང་ཡང་མེད་པའི་ཐོག སྲང་ཐག་དང་ལྟག་སྒོའི་རྒྱུད་ལམ་མེད་པས།  གསེར་སྲང་སྟོང་ཕྲག་གིས་མི་ཁུག་པའི་བོད་རིག་པའི་མཁྱེན་ཡོན་གྱི་གཅེས་ནོར་དེས་བྱེས་འབྱོར་བོད་ཀྱི་ཤེས་ཡོན་ལ་བསྲི་ཞུ་སྒྲུབ་རྒྱུ་ལྟ་ཞོག ཐ་ན་ཉིན་རེའི་འཚོ་བའི་ཟས་གོས་གནས་མལ་ཡང་ཐག་གཅོད་མི་ནུས་པའི་དཀའ་ངལ་འདྲ་མིན་རང་དབང་མེད་པར་མགོ་ཐོག་ཏུ་ལྷུངས།  ཁོང་དང་ཕ་ཡུལ་གཅིག་པ་ཨ་ལགས་ཙཱ་ཡས་རིན་པོ་ཆེ་བསྟན་འཛིན་དཔལ་འབར་གྱིས་ཁོང་གི་མཁྱེན་ཡོན་སྤྱི་དང༌། ལྷག་དོན་སྙན་ངག་རྩོམ་རིག་གི་མཁྱེན་རྒྱ་དང་མཚན་སྙན་ཕ་ཡུལ་ནས་མཁྱེན་པའི་ཐོག  ས་མཐར་སེང་གེ་ཐང་ལ་བབས་པའི་སྐྱོ་གར་ལ་གཟིགས་ནས་ཐུགས་ཀྱིས་མ་བཟོད་པར། ཟས་གོས་གནས་མལ་གང་ཐད་ནས་རོགས་སྐྱོང་གང་ནུས་གནང་བའི་འོག་དུས་ཡུན་གང་འཚམས་ཞིག་ལ་བསྡད་དགོས་བྱུང༌། ཨ་མདོ་པདྨ་འབུམ་གྱི་ངོ་སྤྲོད་བརྒྱུད། སྐབས་དེར་ཤེས་རིག་དྲུང་ཆེ་རི་ཁ་བློ་བཟང་བསྟན་འཛིན་གྱིས། ཁོང་གི་མཁྱེན་ཡོན་ལ་རྟོག་ཞིབ་རིམ་པར་བྱས་པས། ཀོ་ཤུབས་ནང་གི་གྲི་བཟང་དང༌། རྩག་ཧྲལ་གསེབ་ཀྱི་བུ་བཟང་ངོ་ཐག་ཆོད་དེ།  ཁོང་ལ་ཤེས་ལྷན་གྱི་ཕྱག་ལས་ཞིག་གནང་འཆར་བྱས་ཀྱང༌། སྟབས་མ་ལེགས་པར་ཁོ་པ་ཨ་རིར་ཕེབས་ནས་གློ་བུར་དུ་སྐུ་གཤེགས་པ་དང༌། ལས་འཕྲོའི་འཆར་འགོད་སྐོར་སྐབས་དེའི་ཤེས་ལྷན་དྲུང་ཚབ་ལ་མངགས་འདུག་ཀྱང༌།  གསེར་ཐག་གོན་པའི་འདོགས་ཁྱིའི་འཁྲིས་སུ་སེང་གེའི་སྤུས་མོ་ས་ལ་བཙུགས་པའི་དོན་འབྲས་སོན་ཐབས་མ་བྱུང༌།

                སྤྱི་ལོ་ ༡༩༩༣ ལོར་རྡ་ས་སྨན་རྩིས་ཁང་གི་རིག་གནས་དགེ་རྒན་དུ་གདན་ཞུ་བྱུང་བ་དང༌།  ཁོང་གི་དགོངས་པའི་ཀློང་དུ་འཁྱིལ་བའི་རྒྱ་མཚོ་ལས་ཆུ་ཐིགས་འགའ་རེ་ཁ་ནས་གཤོལ་སའི་གོ་སྐབས་རྙེད།  ད་དུང་དོན་གཉེར་ཅན་མི་ཉུང་བ་ཞིག་ལ་ཟུར་དུའང་བོད་ཀྱི་ཐ་སྙད་རིགས་གནས་སྐོར་གྱི་སློབ་ཁྲིད་གནང་བས།  བོད་ཀྱི་རིག་གཞུང་ཉམས་པ་སོར་ཆུད་དང་མི་ཉམས་གོང་འཕེལ་གྱི་ཁ་གཡང་གང་སར་སྒྲོག་པའི་ཁོར་ཡུག་ཆུང་ཆུང་འདིར། ཆོས་རིག་རྩ་གཏོར་གཏོང་སའི་མུན་ཁྲོད་ནས་འཚར་བའི་མི་ལྡོམ་ཞིག་གི་ཡིག་ངག་གཉིས་ཐོག་ནས་རིག་པའི་འོད་ཐིག་ལྷམ་མེར་འཕྲོ་བར་ལ་མགོ་འཐོམ་ཞིང༌།  འགའ་ཞིག་ཡ་མཚན་མི་སྐྱེས་ཀ་མེད་དུ་གྱུར།

                སྤྱི་ལོ་ ༡༩༩༤ ལོར་ནི་ཛི་ལནྡིར་New Zealand་ལོ་གཅིག་རིང་སློབ་སྦྱོང་ལ་ཕེབས་རྒྱུའི་གོ་སྐབས་རག  མི་གཞན་གྱི་སློབ་འབྲས་ལས་བལྡབ་དུ་མས་ཤེས་ཚད་ཡག་པ་བྱུང་བས། གསར་འབྱོར་ཚོ་འཚོ་བ་སྐྱོ་བ་ལས་རིག་པ་སྐྱོ་བོ་མིན་པའི་ར་སྤྲོད་བྱས།

                སྤྱི་ལོ་ ༡༩༩༥ ལོར་ཁོང་སྐབས་བཅུ་གཅིག་པའི་བོད་མི་མང་སྤྱི་འཐུས་འདེམས་འཐོན་བྱུང༌།  འགའ་རེས་མདོ་སྨད་ཆོལ་ཁ་མི་རྫོགས་པ་རེད་ཟེར། ལ་ལས་ཧོར་གཙང་འཇིགས་མེད་ཀྱིས་བཙན་བྱོལ་ནང་བྱས་རྗེས་ག་རེ་བཞག་ཡོད་པ་རེད་ཟེར།  གང་ལྟར་ཡང་མདོ་སྨད་མི་མང་གི་ཁྲོད་ནས་ཧོར་གཙང་འཇིགས་མེད་ཀྱི་རིན་ཐང་ཤེས་མཁན་མི་ཉུང་བ་ཞིག་བྱུང་ཡོད་པའི་ར་འཕྲོད་གསལ་པོར་བྱས།           

                སྤྱི་ལོ་ ༡༩༩༦ ལོར་ལུགས་གཉིས་གཟིགས་པའི་སྤྱན་དཀྱུས་མཆོག་ཏུ་ཡངས་པ་མི་རྗེ་བཀའ་བློན་ཁྲི་ཟུར་སྐལ་བཟང་ཡེ་ཤེས་ཀྱིས་གདན་ཞུས་ལྟར། ནོར་གླིང་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁང་གི་སྤྱི་ཁྱབ་རྩོམ་སྒྲིག་འགན་འཛིན་གནང༌།  རིག་གཞུང་གི་ལྟེ་གནས་དེ་ནས་དཔྱད་རྩོམ་༼ནོར་མཛོད་༽དང༌།  སྒྱུུ་རྩོམ་༼ནོར་འོད༽། རྒྱུན་ཤེས་༼ནོར་ལྡེ༽། ད་དུང་༼ཤེས་བྱའི་བང་མཛོད་༽བཅས་ཀྱི་སྤྱི་ཁྱབ་རྩོམ་སྒྲིག་གི་འགན་བཞེས་ཏེ།  དུས་དེབ་དང་ཚགས་ཤོག་དེ་དག་གི་ཐོག་སྒྱུ་རྩལ་དང་ཚོར་བ་བརྡར་བའི་རྩོམ་ཡིག་འདྲ་མིན་མུ་མཐུད་སྤེལ་བས། རྒྱ་ཆེར་ཀློག་པ་པོ་ཚོས་དུས་དེབ་དང་ཚགས་ཤོག་གཞན་དག་ལས་དམིགས་བསལ་གྱིས་དོ་སྣང་དང་སྤྲོ་སྣང་གིས། ཧར་ཐོབ་བརྒྱབ་ནས་ཀློག་མཁན་དང་འབྲི་མཁན་ཤིན་ཏུ་མང་པོ་བྱུང༌།  ནོར་གླིང་དུ་བཞུགས་རིང་དུས་དེབ་དང་ཚགས་ཤོག་དེ་ཚོ་སྔ་ན་མ་གྲགས་པའི་འགྲིམས་སྒོ་ཆེས་ཆེར་འཕེལ་བར་མ་ཟད།  དུས་དེབ་དང་ཚགས་པར་གང་ཞིག་འཐོན་ནའང་དེའི་ནང་ཧོར་གཙང་གི་རྩོམ་ཡིག་འདུག་མིན་ལྟ་རྒྱུའི་གོམས་སྲོལ་ཞིག་ཀྱང་རང་བཞིན་གྱིས་ཕྱོགས་གང་སར་འཇགས་པ་བྱུང༌།

                སྤྱི་ལོ་ ༢༠༠༡ ནས་སྐབས་བཅུ་གཉིས་པའི་བོད་མི་མང་སྤྱི་་འཐུས་འདེམས་འཐོན་བྱུང་བར་མ་ཟད།  ལོ་དེར་མདོ་སྨད་ཆོལ་ཁའི་ཚོགས་གཙོ་ཡང་འདེམས་འཐོན་བྱུང༌།  བཙན་བྱོལ་ནང་མདོ་སྨད་ཆོལ་ཁའི་ཁོངས་གཏོགས་ཁང་བརྩེགས་བརྒྱད་དགུ་ཅན་གྱི་ཁྱིམ་བདག་དང༌། ཧིན་སྒོར་འབུམ་ཕྲག་བརྒྱ་ལྷག་གི་འབྱོར་ལྡན་ཡང་མི་ཉུང་བ་ཡོད་མོད།  ཧོར་གཙང་འཇིགས་མེད་དབྱངས་ཅན་མའི་འཁོན་གྱིས་ནོར་རྒྱུན་མའི་བཀའ་ཆད་ཕོག་པའི་འབྱོར་མེད་འཁོས་ཞན་ཞིག་གློ་བུར་དུ་མདོ་སྨད་ཆོས་ཁའི་ཚོགས་གཙོར་བདམས་པ་ནི་ཧོར་གཙང་གི་རིན་ཐང་དངོས་གནས་དེ་ཤེས་ནས་ལོས་ཡིན།

                ཕྲན་གྱིས་ཧོར་གཙང་འཇིགས་མེད་ཀྱི་རྩོམ་ཡིག་མཐོང་བ་ཐེངས་དང་པོ་དེ། སྙན་རྩོམ་ཕྱོགས་སྒྲིག་དེབ་ནག་རིལ་བཞི་པོ་དེ་ཡིན།  སྤྱི་ལོ་ ༡༩༩༤ ལོ་མཇུག་ལྷོ་ཕྱོགས་མོན་གྷོ་དུས་དབང་གནང་ཉེ་སྐབས། ཁྲོམ་ས་ནས་དེབ་འདི་ཚོ་མཐོང་བྱུང༌།  སྐབས་དེར་དེབ་ཉོ་བྱེད་ཀྱི་དངུལ་སྐར་མ་གཅིག་ཀྱང་མེད་པས། ཡར་འགྲོ་མར་འགྲོ་སྐབས་ཞར་དང་ཞོར་ལ་ཀློག་གིན་བྱས་པས་གང་འཚམས་ཤིག་ཀློག་རྒྱུ་རགས་སོང༌།  རྩོམ་ཡིག་ཁ་ཤས་བཀླགས་པས་རྩོམ་ཆོས་མ་ཟད་རྩོམ་པ་པོ་ཡང་ངང་གིས་མཇལ་འདོད་བྱུང༌།  སྤྱི་ལོ་ ༡༩༩༥ ལོར་ཨ་མྱེས་རྨ་ཆེན་གྱིས་གོ་སྒྲིག་འགྲོན་འབོད་བཞིན་བོད་རྒྱལ་ཡོངས་རྩོམ་པ་པོའི་ཚོགས་ཆེན་ཐོག་བཅར་རྒྱུའི་བགོ་སྐབས་རག། སྐབས་དེར་སྨན་རྩིས་ཁང་དུ་སོང་སྟེ་སློབ་མ་ཞིག་གི་ལག་ནས་དེབ་ནག་རིལ་བཞི་པོ་དེ་དག་ཉོས་པ་ཡིན།  སྤྱི་ལོ་ ༡༩༩༦ ཡན་མན་ཞིག་ལ་ཧོར་གཙང་འཇིགས་མེད་བོད་ཀྱི་གདམ་བྱ་བཞིའི་ཟབ་སྦྱོང་བགྲོ་གླེང་གནང་མཁན་འབྲས་སྤུངས་ཚོམས་ཆེན་དུ་སླེབས་སོང་བ་དེ་ནི། ངས་ཧོར་གཙང་འཇིགས་མེད་མཇལ་བ་ཐེངས་དང་པོ་དེ་ཡིན།  ཁོང་གི་སྙན་རྩོམ་ཁག་མང་པོ་ཞིག་བཀླགས་པའི་བག་ཆགས་ཀྱི་ཐོག རལ་པ་རྒྱག་ཏུ་འཕྱངས་པ་དང༌། ཐག་མག་ཡང་ཡང་འཐེན་པ།  གཏམ་བཤད་ཀྱི་སྤོབས་པ་མཐོ་བའི་སྐུ་དངོས་མཇལ་བའི་རྣམ་འགྱུར་གང་ས་ནས་བལྟས་ན། རེབ་སྐོང་དགེ་འདུན་ཆོས་འཕེལ་ཡང་འདི་འདྲ་ཞིག་ཡོད་སྲིད་སྙམ་པ་ངང་གིས་ཤར།  སྤྱི་ལོ་ ༡༩༩༨ ལོར་རྡ་སའི་འབྲོག་པའི་གོས་ཐུང་འདྲ་བའི་ཁྲོམ་གཤམ་དུ་དེབ་ཚོང་ཁང་ཞིག་ནས་གླེང་མོལ་འགའ་ཞིག་བྱས་པས་ཁོང་གཞི་ནས་ངོ་ཤེས་བྱུང༌།  འདི་ནི་ཧོར་གཙང་འཇིགས་མེད་དང་དངོས་སུ་ཐུག་འཕྲད་ཀྱིས་གླེང་མོལ་བྱས་པ་ཐེངས་དང་པོ་དེ་ཡིན།                དེ་ནས་བཟུང་རིག་པའི་གྲོགས་པོའི་འབྲེལ་མཚམས་མ་ཆད་པར་རྩོམ་དེབ་དུ་མ་ཕན་ཚུན་ལེགས་སྐྱེས་སུ་འབུལ་རེས་ཞུས།  བོད་ཀྱི་རིག་གཞུང་དང་འབྲེལ་བའི་བགྲོ་གླེང་དང་ཚོགས་འདུ་དུ་མའི་ནང་མཇལ་འཛོམས་ཀྱིས་སྐབས་འགའ་མཐུན་ཞིང༌། ལན་འགར་རྩོད་པ་སོགས་ཀྱིས་ཤིན་ཏུ་སེམས་ཐག་ཉེ་བའི་གྲོགས་པོ་ཆགས།

                ཁོང་གི་རྩོམ་ཆོས་ཐད། གཙན་བྱོལ་དུ་དཔེ་སྐྲུན་དང་འགྲེམས་སྤེལ་བྱས་པ་ཐེངས་དང་པོ་ནི་སྙན་རྩོམ་དེབ་ཆུང་བཞི་པོ་དེ་རེད། སྙན་རྩོམ་དེ་དག་གི་སྒྱུ་རྩལ་དང་ཉམས་འགྱུར་ཕུལ་དུ་བྱུང་ཞིང༌། དགའ་སྐྱོ་ཁྲོ་ཆགས་ཀྱི་ཚོར་བའི་འགྱུར་འགྲོས་འབུར་དུ་འཐོན་པ་སོགས་ཀྱིས། དྲང་པོ་བཤད་ན་བཙན་བྱོལ་ཁྲོད་སྙན་རྩོམ་འདི་ལས་ཚོད་མཐོ་བཞིག་ད་ཕན་བྱུང་མི་འདུག་ལ། ཕྱི་ཆད་ཀྱང་འབྱུང་བ་དཀོན་པ་ཞིག་རེད་སྙམ། སྙན་རྩོམ་འདི་བོད་ནང་དུའང་འགྲིམས་སྒོ་ཆེས་ཆེར་འཕེལ་ཏེ། ཧོར་གཙང་གི་དེབ་ནག་རིལ་ཞེས་གྲགས་པ་ཆེ་ཚུལ་ཐོས་བྱུང་ལ། བོད་ཕྱི་ནང་གཉིས་ཀར་སྙན་རྩོམ་ཕྱོགས་སྒྲིག་གི་དེབ་དཔེ་སྐྲུན་བཟོ་རྒྱུའི་ལུགས་སྲོལ་ཡང་འདི་ནས་མགོ་འཛུགས་བྱས་པ་ཞིག་རེད། འདི་དག་ལ་དཔེ་བལྟས་ནས་དེང་སང་བོད་ཕྱི་ནང་གཉིས་ཀར་རིམ་ཐང་ཡོད་མེད་ལ་མ་ལྟོས་པའི་སྙན་རྩོམ་དེབ་ཕྲེང་འདྲ་མིན་ཤིན་ཏུ་མང་པོ་ཞིག་བཏོན་དང་འདོན་བཞིན་པ་རེད། དེ་རྗེས་༼གདོན་འཕྲུལ་ལྟ་བུའི་གཟི་ཁ་༽ཞེས་པའི་སྙན་རྩོམ་བཏོན་པའི་རྩོམ་གཤིས་ཐད། གནའ་རབས་མཁས་པའི་སྲོལ་རྒྱུན་མ་བརླགས་པའི་ཐོག་ནས། དུས་རབས་སྤྱི་ཚོགས་ཀྱི་བྲོ་བ་འདོན་སྟངས་ཀྱི་ཁྱད་ཆོས་འབུར་དུ་ཐོན་པ་དང༌། སྙན་ངག་འགའ་ཞིག་ནི་དགེ་འདུན་ཆོས་འཕེལ་གྱི་སྐྱོ་ཉམས་དང་འདྲེས་པའི་ཁྱད་ཆོས་ཀྱང་རང་བཞིན་གྱིས་འབུར་དུ་ཐོན་འདུག གོ་གསལ་ལྟ་ན་བོད་ནང་དུ་ཧོར་གཙང་གི་རྩོམ་སྲོལ་ཞེས་སྙན་ངག་རྩོམ་སྲོལ་གསར་པ་ཞིག་གི་རིག་པའི་གཞུང་ལུགས་ཀྱང་ཆགས་པ་རེད་ཟེར།

                ཁོང་གི་རྩོམ་ཆོས་༼དྲང་བདེན་གྱིས་བསླུས་པའི་སློང་མོ་བ་༽ནི། མདོ་སྨད་པ་དགེ་འདུན་ཆོས་འཕེལ་གྱི་མི་ཚེ་རྒྱུད་རིམ་ལ་དཔྱོད་པའི་ཆེད་རྩོམ་ཞིག་ཡིན་ཞིང༌། རྩོམ་ཡིག་དེ་ཉིད་བཙན་བྱོལ་དུ་མ་ཟད་ལོ་ཤས་སྔོན་ནས་བོད་ནང་དུའང་ལྐོག་ནས་པར་སློག་བརྒྱབ་སྟེ་འཚོང་འགྲེམ་བྱེད་བཞིན་ཡོད་འདུག རྩོམ་ཆོས་དེ་ཉིད་མདོ་དབུས་སྐོར་གསུམ་གྱི་གཞོན་སྐྱེས་མང་པོ་ཞིག་གིས་དོ་སྣང་ཆེན་པོ་གནང་གི་ཡོད་པར་མ་ཟད། དེང་སང་ནི་བོད་ནང་མཆོད་མེ་དྲ་རྒྱ་ཐོག་དུའང་འགོད་སྤེལ་བྱས་པར་དཔྱོད་བརྗོད་ཀྱང་མང་པོ་བྲིས་འདུག

                ཁོང་གི་རྩོམ་ཆོས་༼ཁྲག་ཐིགས་ལས་སྐྱེས་པའི་ལྗང་སྨྱུགས་༽ནི། བཙན་བྱོལ་ནང་བོད་ཀྱི་རྩོམ་རིག་གི་བྱུང་རིམ་ལ་དཔྱོད་པའི་རྩོམ་དེབ་ཐེངས་དང་པོ་དེ་ཡིན། དེའི་ནང་བོད་ཕྱི་ནང་གི་རྩོམ་རིག་བྱུང་འཕེལ་གྱི་རྒྱུད་རིམ་ཐད། དུམ་མཚམས་གསུམ་དུ་ཕྱེས་ནས་དབྱེ་ཞིབ་ནན་པོ་བྱས་འདུག དུམ་མཚམས་གསུམ་གྱི་དབྱེ་ཞིབ་འདི་ཡང་བོད་ཀྱི་རྩོམ་རིག་འཕེལ་རིམ་ལ་དཔྱོད་པའི་སྒྲོམ་གཞི་གསར་བཏད་ཀྱི་རང་བཞིན་ལྡན་པ་ཞིག་རེད་ཅེས་བརྗོད་ན་མི་འགྲིགས་པ་གང་ཡང་མེད། ད་དུང་ཁོང་གི་རྩོམ་ཆོས་ཁྲོད་ནས། པ་བའི་གཡུལ་ས་དང༌། ཞེ་སའི་ཁ་དམག ཤམ་བྷ་ལའི་སྡིག་ཉེས། བླ་བྲང་གི་ལྟ་ལོག་སོགས། དེ་སྔོན་དགེ་ཆོས་བཙོན་དུ་ལྷུང་བའི་ནག་ཉེས་དང་འདྲ་བ་མང་པོ་ཞིག་བསགས་པའི་ལོ་རྒྱུས་དགོད་བྲོ་ལ་ངུ་ཡང་བྲོ་བ་དང༌། དཔྱོད་འོས་ལ་བསམ་དགོས་པའི་ལོ་རྒྱུས་ཀྱང་ཐུང་ཐུང་མིན།

                སྤྱི་ལོ་ ༢༠༠༥ ཧོར་གཙང་ཨི་རི་ལ་ཕེབས།  རྒྱལ་སྲས་ཞི་བ་ལྷའི་སྨོན་ལམ་ལས་ལོག་ནས།  མཁས་པ་རྣམས་ནི་བཀུར་བ་མེད་པ་དང༌།  བསོད་སྙོམས་དག་ཀྱང་རྙེད་པ་མེད་པའི་གྲུ་ཟུར་འདིར། སེང་ལྤགས་ལས་ར་ལྤགས་འགྲིམས་སྒོ་ཆེ་བས་ཐུགས་ཁག་མེད་མོད།  དེ་ལྟ་ན་ཡང་ཁོང་རྒྱ་གར་ནས་ཨ་རིར་ཕེབས་པ་ནི། ནོར་བུ་མི་ལག་ཏུ་ཤོར་བ་རང་རེད་བསམས་ཤིང༌།  ཁོང་ལའང་རང་བཞིན་གྱིས་རྒྱངས་རིང་དུ་སོང༌།  ཁ་སང་ཉིན་ཤས་སྔོན་ཁ་པར་ཞིག་སླེབས་བྱུང་བར་ཨ་ལན་བྱས་པས། ཁོང་ནི་ཧོར་གཙང་འཇིགས་མེད་རེད། ནོར་གླིང་དུ་ཁ་བརྡ་ཐུག་འཕྲོད་ཞུ་རྒྱུ་བྱས་པ་ལྟར།  ཁོང་དང་མཇལ་སྐབས།  ལོ་ཁ་ཤས་ཀྱི་རིང་ཁོང་གིས་༼མདོ་སྨད་ལོ་རྒྱུས་ཆེན་མོ་༽པོད་ཆེན་དྲུག་བདུན་པ་ཚར་རྒྱུ་རེདཙམ་བརྩམས་གྲུབ་པ་དང༌།  རྩོམ་ཆོས་དེ་དག་མགོ་ྋགོང་ས་མཆོག་གི་ལམ་སྟོན་ནས་མཇུག་རྩོམ་བསྡུ་མ་བྱས་བར་གྱི་རྒྱུད་རིམ་རགས་བསྡུས་དང་འབྲེལ་ནས།  ངའི་རེ་བར་རྩོམ་ཡིག་འདི་ཚོ་རྡ་སའི་ཁུལ་གྱི་ལོ་རྒྱུས་སྨྲ་བ་ཚོར་སྤྱན་བསྟར་རེ་ཞུ་རྒྱུའི་རེ་བ་ཆེ་ཡང་ད་རེས་དུས་ཚོད་ཀྱིས་བྱུང་མ་སོང༌།  ཡིན་ནའང་ཁྱོད་ཀྱིས་དུས་ཚོད་གང་ཡོད་ཅིག་གཏོང་ནས་ལྟ་རོགས་གསུངས་པ་བཞིན། པོ་ཏི་ཆེནཔོ་དྲུག་དུས་ཚོད་ཐུང་ངུ་ཞིག་གི་ནང་དུ་བལྟ་ཐུབ་ཐབས་བྲལ་ཡང་རགས་བསྡུས་ཤིག་བལྟས་པས།  གཞི་ནས་ཧོར་གཙང་ཨ་རིར་ཕེབས་པ་དང༌།  B.M ཐོན་མཁན་བོད་པའི་ཕོ་གསར་ཤེས་ཡོན་ཅན་ཚོ་ཨ་རིར་འགྲོ་བ་གཉིས་འདྲ་ས་མེད་པར། བདག་ཉིད་ཆེན་པོ་གང་དུ་གཤེགས་ཀྱང་རུང༌། །གཞན་དོན་སྒྲུབ་ལ་སྐྱོ་ངལ་མེད་པ་དང༌། མཁས་པ་ཆེན་པོ་གང་དུ་ཕེབས་ན་ཡང༌། །འཆད་རྩོད་རྩོམ་པའི་མཛད་པ་དོར་བ་མེད་པ་དེ་གཞི་ནས་ཤེས་བྱུང༌། 

                ལོ་རྒྱུས་ཀྱི་དེབ་ཐེར་ཆེན་པོ་འདི་ལ་མཚོན་ན། བྱུང་རིམ་གྱི་བང་འགྲིགས་པ། ས་བཅད་ཀྱི་འགྲོས་དམ་པ། རྒྱས་བཤད་ཀྱི་ཁོག་ཡངས་པ། ཚིག་དོན་གྱི་འབྲེལ་ཆགས་པ། རྒྱབ་ལྗོངས་ཀྱི་ལུང་མང་བ། རྒྱུ་མཚན་གྱི་རིགས་པ་ཟབ་པ། དེ་སྔོན་མདོ་སྨད་དང་འབྲེལ་བའི་ལོ་རྒྱུས་དང་རྣམ་ཐར་དུ་མའི་ནང་གི འཁྲུག་པ་རྣམས་སྡེབ་པ། གབ་པ་རྗེན་གཅེར་དུ་ཕྱུང་པ། བོད་སྤྱིའི་ལོ་རྒྱུས་ཀྱི་གྲ་མ་ཉམས་པ། བྱེ་བྲག་ས་ཁུལ་སོ་སོའི་བྱུང་རིམ་གྱི་གྲུ་མ་ཆགས་པ། གནའ་རབས་ཀྱི་ཁོག་མ་བརླགས་པ། དུསརབས་ཀྱི་འགྲོས་མ་འཆུགས་པ་བཅས་ཀྱི་ཁྱད་ལྡན་པ་མཐོང་ལ། ཀློག་པ་པོ་ལོ་རྒྱུས་ལ་ཆ་རྒྱུས་ངེས་ཅན་རེ་ཡོད་མཁན་དང༌། རྣམ་དཔྱོད་ཀྱི་རྩལ་ཡང་མི་དམན་ཙམ་རེ་ཡོད་མཁན་ཞིག་ཡིན་ཕྱིན་ཆད། དེབ་ཐེར་འདིས་དགའ་བ་མི་བསྐྱེད་པའི་རང་དབང་མེད་ངེས་ཡིན། ད་དུང་ཡང་ངས་ཧོར་གཙང་ལ་ཨུ་ཚུགས་དང་ཕུ་ཚུགས་ནན་པོའི་ལུགས་སུ་བྱས་ནས་ཞུ་གསོལ་འདེབས་རྒྱུ། གང་དུ་ཕེབས་ཀྱང་རུང༌། གང་དུ་བཞུགས་ཀྱང་རུང༌། གང་ཞིག་མཛད་ཀྱང་རུང༌། བོད་མི་རིགས་ཀྱི་བླ་སྲོག་དང་འབྲེལ་བའི་བོད་ཀྱི་རྩོམ་རིག་གི་བྱ་བཞག་ཐོག ཆུ་བོའི་རྒྱུན་བཞིན་འབབ་རྒྱུན་མི་ཆད་པ་དང༌། ཉི་ཟླའི་འོད་བཞིན་གཟི་འོད་མི་ཉམས་པ་གནང་རྒྱུའི་གསོལ་བ་ལན་བརྒྱར་འདེབས་དེ་རྒྱུ་ཡིན།

                མཐའ་དོན་རྩོམ་པ་པོ་ལ་སྙིང་ཐག་པ་ནས་ལེགས་གསོལ་དང༌། བོད་རིགས་གཞོན་སྐྱེས་ཚོར་ཁ་མིག་ཡར་ལྟ་དང༌། གོམ་པ་མདུན་སྤོས་ཀྱིས་མདོ་དབུས་སྐོར་གསུམ་རང་རང་གི་སྣོད་བཅུད་ཆགས་རབས་དང༌། ཡུལ་གོམས་གཞིས་ལུགས། སྡེ་དཔོན་མི་རབས། དགོན་སྡེ་བླ་རབས་ཀྱིས་མཚོན་པའི་དེབ་ཐེར་ལོ་རྒྱུས་གང་ནུས་གསར་རྩོམ་གནང་རྒྱུའི་དྲན་གསོ་ཞུ་རྒྱུ་ཡིན།

དྷིའ་ཚཱ་སྐོམ་པོ་གཤེགས་པའི་ཤུལ་ལམ་ནས།།

ཧོར་གཙང་ས་མཐར་འཁྱམས་པའི་རྐང་རྗེས་འགའ།།

སྤྲིན་དང་ན་བུར་འཐིབས་པའི་སྲིབས་ཀ་ནས།།

མཛུབ་མོས་རྒྱང་བསྟན་བྱས་པ་འདི་ཉིད་ཙམ།།

སྤྱི་ལོ་ ༢༠༠༩ ། ༡། ༢ །བཟང་པོ་བཅུ་འཛོམས་ཀྱི་ཉིན་དྷ་ས་གངས་སྐྱིད་རང་ཤག་ཏུ་བྲིས་པ་དགེ་ལེགས་འཕེལ།