ཤེས་རབ་ཀྱི་ཟིན་བྲིས་ནང་དུ་འདི་འདྲ་ཞིག་འདུག
བྱང་ཆུབ་ལམ་རིམ་ཆེན་མོའི་རྩ་བའི་ས་བཅད་བཞི་ལས། ཆོས་ཁུངས་བཙུན་པར་བསྟན་པའི་ཕྱིར་མཛད་པ་པོའི་ཆེ་བ་བརྗོད་པའི་སྐབས། གཡག་གིས་རང་གི་རྔ་མའི་སྤུ་ཉག་མ་གཅིག་ཤིང་ལ་སོགས་པར་ཐོགས་པའི་ཚེ་རྔོན་པས་ གསོད་པ་ལ་ཇི་མི་སྙམ་པར་སྲོག་དང་བསྡོས་ནས་མ་བཅད་པར་གཅེས་སྲུང་བྱེད་པ་ལ་དཔེར་ བྱས་པར་གསུངས། འགའ་ཞིག་ནས། དེ་འདྲའི་གཡག་ནི་ཡོངས་གྲགས་ཀྱི་བོད་གཡག་མ་ཡིན་པར་གངས་གཡག་ཟེར་བ་དེ་ཡིན་ཞེས་ ཟེར། དེ་ལྟར་ཞིབ་ཆ་བྱེད་དགོས་དོན་ནི་གཡག་གིས་རྔ་མ་སྲོག་དང་བསྡོས་ནས་མི་གཅོད་ཟེར་ བ་མི་བདེན་པར་མཐོང་བས་ཡིན་རྒྱུ་རེད།
གལ་ཏེ་བོད་གངས་ཅན་ན་ཡོད་པའི་ གཡག་རྣམས་གངས་གཡག་མ་ཡིན་ན། གངས་གཡག་ཟེར་བ་ནི་དབྱིན་སྐད་དུ་Musk oxཟེར་བ་དེ་ལས་འོས་མེད་ཅིང༌། སྲོག་ཆགས་དེ་ནི་ས་ཡི་གོ་ལའི་བྱང་སྣེའི་འཁྱག་གླིང་Antarcticeགི་གངས་ཁྲོད་ཁོ་ ནར་སྡོད་ཅིང༌། མདོག་བྲེ་བོ་ཁམ་ཤས་ཆེ་བ། སྤུ་གཞོལ་བ་གཡག་དང་འདྲ་བ། སུག་བཞི་དཀར་པོ་ཅན། དམིགས་བསལ་ར་གཉིས་པོ་ཐུན་མོང་མ་ཡིན་པ་སྟེ། ཨ་ཕི་རི་ཀའི་ལྷོ་སྣེར་གནས་པའི་Cape Buffaloདང་འདྲ་བ་ར་གཉིས་ཀྱི་རྩ་བ་སྦོམ་པོ་སྤྱི་གཙུག་ནས་གཤིབ་པར་སྐྱེས་ཤིང༌། དེ་ནས་ཁ་ཡི་ཟུར་བར་ཐད་ཀར་ཐུར་དུ་སྐྱེས་རྗེས་རྩེ་མོ་ཕྱིར་བརྐྱང་པ་ཞིག་ཡོད། གལ་ཏེ་གངས་གཡག་དེ་དག་གིས་རང་གི་རྔ་མའི་སྤུ་ཉག་མ་རེ་སྲོག་ལས་རྩ་ཆེ་བ་བྱེད་ ཀྱིན་ཡོད་ན། སྤྱང་ཀིས་རང་གི་རྔ་མར་སོ་བཏབ་པའི་ཚེ་སྤུའི་ཉག་མ་ཆད་ཀྱི་དོགས་པས་ཙུག་གེ་ སྡོད་དགོས་པ་ལ། མི་སྡོད་པར་ཤུགས་ཀྱིས་འཐེན་ནས་བྲོས་འགྲོ་བ་མངོན་སུམ་དུ་མཐོང་བཞིན་པ་འདི་ རེད།
དེས་ན་གཡག་གིས་རྔ་མ་སྲུང་བའི་དོན་ནི། ང་ཚོ་ཕ་འབྲོག་པའི་བུ་མི་ཚེ་འབྲི་གཡག་དང་མཉམ་དུ་སྐྱེལ་མཁན་རྣམས་ལ་དྲིས་ན་ཤེས་ཀྱི་རེད།
སྤྱིར་ འབྲི་གཡག་གི་རྔ་མ་ནི་སྲོག་ཆགས་ཀུན་དང་མཐུན་པར་རྐུབ་ལ་སྐྱེས་ཤིང་གཤང་ལམ་གྱི་ ཁ་གཅོད་ལྟ་བུར་གནས་ཡོད། དེ་ཡང་འབྲི་གཡག་གི་མགོར་སྐྱེས་པའི་ར་གཉིས་ནི་གཅན་གཟན་གཏུམ་པོ་རྣམས་ལ་འགོག་ རྒོལ་བྱེད་ཆེད་དང༌། རྐུབ་ལ་སྐྱེས་པའི་རྔ་མ་ནི་དུག་སྦྲང་སོགས་འབུ་སྲིན་ཕྲ་མོའི་རིགས་རྣམས་དཀྲོག་ བྱེད་དུ་ལས་དབང་གིས་གྲུབ་པ་ཞིག་རེད། འབྲི་གཡག་དེ་དག་གིས་བཙོག་པ་ཕྱིར་གཏོང་བའི་ཚེ་རྔ་མ་གནམ་ལ་བཀྱག་སྟེ་གཅིན་དང་ ལྕི་བས་ནམ་ཡང་མ་འགོས་པར་གཙང་མར་ཉར་བ་ཡིན་ཏེ། ཡུལ་པའི་བ་དང་གླང་གི་རྔ་མ་རྙང་མ་ཡོག་ཡོག་བྱེད་པ་འདྲ་བ་འབྲོག་པའི་འབྲི་གཡག་ གི་རྔ་མ་རང་གི་གཅིན་སྐྱག་གིས་འཚོས་པ་ཞིག་ཕལ་ཆེར་མཐོང་རྒྱུ་མེད།
དེས་ ན་རབ་བྱུང་གི་སྡེ་རྣམས་ཉོན་མོངས་དུག་གསུམ་དང༌། འཇིག་རྟེན་འཁོར་བའི་གཟེབ་ཏུ་གནས་ཀྱང་དེ་དག་གིས་མ་གོས་པར་གཙང་མར་ཉར་དགོས་ པའི་དོན་ཏེ། འབྲི་གཡག་གི་རྔ་མ་གཤང་ལམ་དང་གཅིན་སྒོར་གནས་ཀྱང་དེས་མ་གོས་པར་གཙང་མར་ཉར་བ་ བཞིན་ནོ། དེ་ནི། འདམ་སྐྱེས་པདྨ་འདམ་གྱིས་མ་གོས་ལྟར།།ཆགས་ལས་སྐྱེས་ཀྱང་ཆགས་པའི་སྐྱོན་མ་གོས།། ཞེས་པ་དང་དོན་གཅིག་གོ།
དེ་མིན་སྟོད་མངའ་རིས་རྫོང་དགའ་རུ་སྐྱེས་ཤིང་ རྒྱ་བལ་ཁོ་ན་འགྲིམས་པ་ཞིག་གིས་འཛམ་གླིང་བྱང་སྣེའི་གངས་གཡག་ཤེས་དོན་མེད་ན། དེའི་རྔ་མའི་ཁྱད་པར་དེ་བས་ཤེས་དོན་མེད་པ་སོགས་བཤད་རྒྱུ་མང་དུ་སྣང་ཡང་གོ་ བའི་བུ་ལ་བརྡ་ཙམ་གྱིས་འཐུས་པར་བྱས་སོ།།
http://www.sherabt.blogspot.com/
གོང་གི་འདི་ནི་ཤེས་རབ་ཀྱིས་ཟིན་བྲིས་ལས་བཤུས།