ཁྲིམས་རྩོད་ཀྱི་ཐོབ་ཐང་སྤྲད་མི་འདུག
༢༠༠༨ ལོར་པེ་ཅིང་ཨོ་ལིམ་པིག་རྩེད་འགྲན་གྱི་སྔོན་དུ་དོན་གྲུབ་དབང་ཆེན་ལགས་དང། འཇིགས་མེད་ལོ་ཙཱ་གཉིས་ཀྱིས་བོད་ཀྱི་ས་ཁུལ་མང་པོའི་ནང་མི་མང་ལ་ཨོ་ལིམ་པིག་རྩེད་འགྲན་རྒྱ་ནག་ཏུ་འཚོགས་པ་དེར་བསམ་ཚུལ་གང་ཡོད་དང། བོད་མིའི་སྤྱིའི་གནས་བབས་ལ་བསམ་ཚུལ་གང་ཡོད་སྐོར་བཅར་འདྲི་བྱས་ཏེ། གློག་བརྙན་རྒྱལ་སྤྱིའི་ནང་འགྲེམས་སྤེལ་བྱས་པར་བརྟེན། ཁོང་གཉིས་རྒྱ་ནག་གཞུང་གིས་འཇུ་བཟུང་བྱས་ཡོད་པ་རེད།
ཉེ་བའི་ཆར་གསར་འགྱུར་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་བ་ལྟར་ན། དོན་འགྲུབ་དབང་ཆེན་བཙོན་འཇུག་བྱས་ཏེ་ལོ་ངོ་གཅིག་གི་རིང་གར་ཡོད་ཀྱྀ་གནས་ཚུལ་ཙམ་ཡང་ཤེས་རྟོགས་ཐུབ་མེད་ནའང༌། ཉེ་ཆར་དོན་འགྲུབ་དབང་ཆེན་གྱི་ནང་མིས་ཁོང་མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་གྱི་བཙོན་ཁང་ཞིག་ཏུ་ཡོད་པ་ཤེས་རྟོགས་བྱུང་ཡོད་འདུག་ལ། ནང་མི་ཚོས་དྲང་པོ་དང་ཚུལ་ལྡན་གྱི་ཐག་གཅོད་ཅིག་བྱེད་དགོས་པའི་རེ་འདུན་བཏོན་ཏེ། རྒྱ་རིགས་ཁྲིམས་རྩོད་པ་ལིའུ་ཏོན་ཡོན་པེ་ཅིང་ནས་གླས་ཏེ་བཙོན་པ་དང་ཐེངས་གཅིག་ཐུག་འཕྲད་ཀྱི་གོ་སྐབས་ཐོབ་ཡོད་ནའང༌། མཚོ་སྔོན་ཞིང་ཆེན་ཁྲིམས་འཛིན་ལྷན་ཁང་དང་པེ་ཅིང་ཁྲིམས་འཛིན་ལྷན་ཁང་གཉིས་མཉམ་འབྲེལ་ཐོག་ཁྲིམས་རྩོད་པར་གནོན་ཤུགས་སྤྲད་དེ་ཁོང་གིས་ཁྲིམས་རྩོད་བྱེད་ཐུབ་མེད་པ་རེད།
དེ་བཞིན་༢༠༠༨ ལོར་བོད་མིའི་ཞི་བའི་ངོ་རྒོལ་ནང་ཞུགས་པའི་ཉེ་མིང་འོག་འཇུ་བཟུང་བྱས་ཏེ། ཚེ་བཙོན་གྱིས་ཁྲིམས་ཐག་བཅད་པ་བླ་བྲང་དགོན་པའི་གྲྭ་ཚུལ་ཁྲིམས་རྒྱ་མཚོ་ལགས་དང། ལོ་བཅོ་ལྔའི་ཁྲིམས་ཐག་བཅད་པའི་ཐབས་མཁས་རྒྱ་མཚོ་ལགས་ཀྱི་ནང་མིས་རང་དབང་གི་ཁྲིམས་རྩོད་པ་གླས་ནས་ཕྱི་ཟླ་༦ པའི་ཚེས་༡༨ ཉིན་གྲྭ་པ་གཉིས་ལ་ཁྲིམས་ཐག་གཅོད་མཁན་ཀན་ལྷོ་འབྲིང་རིམ་མི་མང་ཁྲིམས་ཁང་ལ་ཞུ་གཏུགས་བྱེད་དུ་འགྲོ་སྐབས་གཞུང་གིས་ངོས་ལེན་བྱས་མེད་པ་རེད། ཕྱི་ཟླ་༧ ཚེས་༦ ཉིན་ཁྲིམས་རྩོད་པས་ཀན་སི་ཞིང་ཆེན་གྱི་མཐོ་རིམ་ཁྲིམས་ཁང་གི་ཁྲིམས་དཔོན་ལ་ཞུ་གཏུགས་སྐབས། དོ་བདག་གིས་རྩོད་པ་གླས་ཟིན་པས། ནང་མིས་ཁྲིམས་རྩོད་པ་གླ་དགོས་པ་མ་རེད་ཅེས་ཕྱིར་ལོག་བཏང་ཡོད་འདུག།།