ལ་དྭགས་ས་གནས་ཀྱི་བོད་མི་སོ་ནམ་པའི་དཀའ་ངལ།

འོན་ཀྱང་དེས་མི་མང་ལ་ཕན་ཐོགས་རྩ་བ་ནས་ཡོང་གི་ཡོད་མ་རེད་ཅེས་ལ་དྭགས་ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་ཀུན་བཟང་བདེ་ཆེན་ལགས་ཀྱིས་ངོ་སྤྲོད་གནང་བྱུང།
   ལ་དྭགས་སུ་ཡོད་པའི་བོད་མི་རྣམས་ཀྱི་གནས་སྟངས་ག་འདྲ་ཡིན་མིན་དང། དམིགས་བསལ་དཀའ་ངལ་ག་རེ་ཡོད་མེད་ཤེས་རྟོགས་བྱེད་པར་ཆེད་དུ་ཕྱིན་ཡང། གཞིས་སྤྱི་ས་གནས་གཞན་དུ་ཕེབས་ནས་མཇལ་ཐུབ་མ་སོང། འོན་ཀྱང་ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་ལ་གནས་སྟངས་ཁ་ཤས་ཐད་བཅར་འདྲི་ཞུས་པར་ཁོང་གིས། སྤྱིར་བཏང་འདིར་སྤྱི་འཐུས་རྣམ་པ་ཕེབས་ཀྱི་ཡོད་རེད། བཀའ་བློན་ཡང་ཐེངས་ཁ་ཤས་ཕེབས་པ་རེད་མོད། དཀའ་ངལ་སེལ་ཐུབ་པ་ཞིག་གང་ཡང་ཡོད་མ་རེད། ང་ཚོ་ལ་མིག་མཐོང་ལག་ཟིན་གྱི་དཀའ་ངལ་དང། མིང་དོན་མི་མཚུངས་པའི་དཀའ་ངལ་ག་རེ་རེད་ཟེར་ན། སྤྱིར་ལ་དྭགས་སུ་ཡོད་པའི་བོད་པའི་གཞིས་ཆགས་འདི་སོ་ནམ་གླིང་ཟེར་གྱི་ཡོད་པ་རེད། སོ་ནམ་གྱིས་མི་མང་ལ་ཕན་ཐོགས་རྩ་བ་ནས་ཡོང་གི་ཡོད་མ་རེད། ཞིང་ཆུ་དཀོན་པོ་རེད། གནམ་ནས་ཆར་པ་འབབ་རྒྱུ་བསྒུག་འདུག་རྒྱུ་རྩ་བ་ནས་ཡོད་མ་རེད། གནམ་གཤིས་ཧ་ཅང་སྐམ་པོ་རེད། ཨ་པི་ཀེ་ནལ་ཞེས་པའི་རྒྱུགས་ཆུ་ཆུང་ཆུང་ཞིག་ཡོད་པ་དེ་རྒྱ་གར་ཡུལ་མི་དང་སྟབས་བསྟུན་བྱེད་དགོས་ཀྱི་ཡོད་རེད། ཡུལ་མིས་གཏོང་དང་མི་གཏོང་ལ་བལྟ་དགོས་པ་རེད། བརྒྱ་ཤོག་དང་པོ་ནས་དགུ་པ་བར་དུ་ས་ཞིང་ཡོད་རེད་དེ། འབྲུ་དང་འབྲས། གྲོ་ཞིབ་ལ་སོགས་པ་རྩ་བ་ནས་འདེབས་ཀྱི་ཡོད་མ་རེད། དུད་འགྲོ་ལ་སྤྲོད་རྒྱུའི་རྩྭ་འདེབས་ཀྱི་ཡོད་རེད། དེ་མ་གཏོགས་སོ་ནམ་གླིང་ཟེར་བའི་མི་མང་ལ་དགོས་མཁོ་གཞིར་བཟུང་སྟོན་ཐོག་རྩ་བ་ནས་རག་གི་ཡོད་མ་རེད། དཀའ་ངལ་གཉིས་པ་དེ་བཙན་བྱོལ་བོད་གཞུང་གི་དངོས་ཡོད་དཀའ་ངལ་ཞིག་རེད། ན་གཞོན་ཚོ་ལ་དེང་དུས་འདབ་གཤོག་གཉིས་ལྡན་གྱི་སློབ་སྦྱོང་རག་གི་ཡོད་པ་རེད། རག་པ་གཞིར་བཟུང་སློབ་སྦྱོང་ཐོན་པའི་རྗེས་སུ་ལས་གནས་རག་གི་ཡོད་མ་རེད། གསལ་པོ་ཆགས་བསྡད་ཡོད་རེད། ས་གནས་འདི་ལ་མི་འབོར་བདུན་སྟོང་བརྒལ་བ་ཡོད་རེད། དེའི་ནང་ནས་ན་གཞོན་བརྒྱ་ཆ་བདུན་ཅུ་ཙམ་ཡོད་རེད། བརྒྱ་ཆ་བདུན་ཅུའི་ནང་ནས་བཞི་བཅུ་ཞེ་ལྔ་དང་ལྔ་བཅུ་དེ་ཆ་ཚང་སློབ་སྦྱོང་ཐོན་ནས་ཡོང་གི་ཡོད་རེད། ལས་ཀ་བྱེད་པར་ཡོང་དུས་གཞུང་གི་ལྟེ་གནས་ཟེར་ན་འདྲ། སྒེར་གྱི་ལྟེ་གནས་ཟེར་ན་འདྲ། ལ་དྭགས་བོད་ཕྲུག་ཁྱིམ་སྡེ་དང། གཞིས་སྤྱི་ལས་ཁང་ཞེས་ཚོགས་པ་ཆེ་ཁག་གཉིས་ཡོད་པ་རེད། དེའི་ནང་ལ་ལས་བྱེད་མང་པོ་བྱུང་བ་ཡིན་ན་ཉིས་བརྒྱ་སུམ་བརྒྱ་ཙམ་ཤོང་གི་རེད། འདི་ནས་ལོ་རེར་སློབ་མ་བརྒྱ་ལྷག་འཛིན་གྲྭ་བཅུ་པ་ཐོན་གྱི་ཡོད་རེད། མཐོ་སློབ་ཁག་ནས་ཉིས་བརྒྱ་ཙམ་ཐོན་གྱི་ཡོད་རེད། ས་ཆ་འདི་ཏོག་ཙམ་གནམ་གཤིས་ཚ་གྲང་མི་སྙོམས་པ་དང། ས་མཐོན་པོ། མི་རྣམས་ཀྱིས་གཡོལ་ཐབས་བྱེད་ས་ལྟ་བུ་ཡིན་སྟབས། ལས་ཀ་བྱེད་མཁན་གཤམ་ནས་ཡར་ཡོང་མཁན་ཁག་པོ་ཆགས་ཀྱི་ཡོད་རེད། སློབ་གྲྭ་ཐོན་མཁན་ཚོ་འདིར་ཡོང་བར་བྱེད་པ་ལ་ས་མིག་རག་གི་ཡོད་མ་རེད་ཅེས་ལ་དྭགས་ས་གནས་ཀྱི་བོད་པ་རྣམས་ལ་དཀའ་ངལ་ཆེ་ཤོས་གཉིས་འགྲེལ་བཤད་གནང་བྱུང། འདི་གའི་གསར་འགོད་པས།