ཉི་ཟླ་གཟའ་འཛིན་གྱི་འབྱུང་རྐྱེན།
ས་གནས་ཡོངས་རྫོགས་ནས་དུས་གཅིག་ལ་ཉི་མ་ཧྲིལ་འཛིན་ལ་ལྟ་ཐུབ་མེད་པ་དང༌། ས་གནས་འདྲ་མིན་ནས་ཉི་འཛིན་གྱི་དུས་ཡུན་འདྲ་མིན་བྱུང་ཡོད་པ་རེད། དཔེར་ན། རྒྱ་གར་གྱི་ས་ཁུལ་ཁག་ཏུ་དུས་ཡུན་རིང་ཤོས་སྐར་མ་༣ དང་སྐར་ཆ་༤༨ ཙམ་གྱི་རིང་ལ་ཉི་འཛིན་བསྡད་ཡོད་པ་དང༌། ཉི་ཧོང་དུ་སྐར་མ་༦ དང་སྐར་ཆ་༤༤ རིང་བསྡད་ཡོད་པ་རེད། དེ་བཞིན་བོད་དང་རྒྱ་ནག ཧོང་ཀོང༌། ཀོ་རི་ཡ། ཧཕི་ལི་པིན་སོགས་ནས་དུས་ཡུན་རིང་ཐུང་སྣ་ཚོགས་བྱུང་ཡོད་པ་རེད།
དེ་ཡང་ལོ་འདིའི་ཉི་འཛིན་གྱི་སྐབས་བོད་དང་རྒྱ་གར་གྱི་ས་གནས་མང་པོར་སྲོལ་རྒྱུན་གྱི་ཆོ་ག་བྱེད་མཁན་ཧ་ཅང་མང་པོ་བྱུང་ཡོད་པ་དང༌། རྒྱ་གར་གཞུང་ངོས་ནས་ཚན་རིག་པ་དང་སྨན་པ་སོགས། ཆེད་དུ་གྲོང་གསེབ་ཁག་ལ་བཏང་ནས་ཉི་འཛིན་བྱུང་རྐྱེན་ཚན་རིག་དང་དངོས་ཡོད་གནས་ཚུལ་ལ་མཐུན་པའི་འགྲེལ་བཤད་རྒྱག་མཁན་མང་པོ་བཏང་ཡོད་རུང༌། རྨོངས་དད་དང་དམངས་ཁྲོད་ཀྱི་སྲོལ་རྒྱུན་ཆོ་ག་གཉིས་ལ་དེ་ཙམ་འཕོ་འགྱུར་བཏང་ཐུབ་མེད་པའི་གནས་ཚུལ་སྤེལ་ཡོད་པ་རེད།
སྤྱིར་གདོད་མའི་འགྲོ་བ་མི་བྱུང་བ་ནས་མེ་ལ་མེ་ལྷ་དང་ཆུ་ལ་ཆུ་ལྷ་ཡོད་པའི་རྨོངས་དད་དེ་འཚོ་བའི་ཆ་ཤས་སུ་གྲུབ་ནས་ཡོང་ཡོད་ཅིང༌། རིམ་གྱིས་ཚན་རིག་པའི་ཤེས་བྱའི་རྣམ་གྲངས་མང་པོ་འཕེལ་རྒྱལ་ཕྱིན་པ་དང་བསྟུན་ནས། ས་ཡི་གོ་ལ་དང་ཉི་ཟླའི་ཁྱིམ་བརྒྱུད་ཀྱི་དངོས་ཡོད་གནས་སྟངས་ཀྱི་འགྲེལ་བཤད་དང་པར་རིས་སོགས། མི་རྣམས་ཀྱི་མིག་གིས་ལོངས་སུ་སྤྱོད་ཐུབ་པ་བྱུང་ཡོད།
བོད་དང་རྒྱ་གར་གྱི་རིག་གནས་ལ་ཆ་མཚོན་ན་མི་ལོ་སྟོང་ཕྲག་གི་སྔོན་ནས། ཉི་ཟླ་གཟའ་འཛིན་བྱུང་སྟངས་དེ་ད་ལྟའི་དུས་ཀྱི་ཚན་རིག་པས་བརྙེད་པ་བཞིན། བཅོམ་ལྡན་འདས་ཀྱིས་དུས་འཁོར་ནང་འགྲེལ་བཤད་གསལ་ཐག་ཆོད་བརྒྱབ་ཡོད། དེ་ཡང་དཔལ་དུས་ཀྱི་འཁོར་ལོའི་ནང༌། ཉི་མ་དབུས་སུ་གནས་ཤིང་དེ་ནས་ཕར་རིམ་པ་བཞིན་ལྷག་པ་དང༌། པ་སངས། ས་ལྒང༌། དེའི་མཐའ་སྐོར་དུ་ཟླ་བ་དང༌། མིག་དམར། ཕུར་བུ། སྤེན་པ་རྣམས་གནས་ཚུལ་གསུང་ཡོད་པ་དེ། དེང་སྐབས་གནམ་རིག་པས་གཟའ་སྐར་གྱི་བང་རིམ་ལ་འགྲེལ་བཤད་བརྒྱབ་པ་དང་གཅིག་མཚུངས་ཡིན་ཞིང༌། དེ་བཞིན་གཟའ་རྣམས་ཀྱིས་རང་རང་གི་བསྐོར་ལམ་འཁོར་བའི་ཞག་གྲངས་དང་ཆུ་ཚོད་སོགས་ཤིན་ཏུ་མཐུན་པོ་ཡོད།
ཉི་ཟླ་གཟའ་འཛིན་ཡོང་སྐབས་གནམ་རིག་པས། ཉི་མ་རྒྱུ་བར་སྣང་བའི་ལམ་ལ་སེར་ལམ་དང་ཟླ་བ་རྒྱུ་བའི་ལམ་ལ་དཀར་ལམ་ཞེས་ཟེར་ཞིང༌། ལམ་དེ་གཉིས་འཕྲད་མཚམས་ནི་ཉི་ཟླ་གཟའ་འཛིན་འབྱུང་རུང་བའི་གནས་ཡིན་པར་བརྗོད། འཕྲད་མཚམས་དེ་ས་ལྒང་གི་མདུན་དང་རྒྱབ་གཉིས་ཀའི་ཕྱོགས་ནས་རེ་རེ་ཡོད་པ་ཡིན། ཚན་རིག་གིས་བརྗོད་པའི་ལམ་སེར་དཀར་གཉིས་དེ་ལ། དུས་འཁོར་ནང་གཟའ་སྒྲ་གཅན་ཞེས་པའི་སྤྱིར་མིང་བཏགས་ནས། ས་ལྒང་གི་མདུན་རྒྱབ་ལ་ཡོད་པའི་འཕྲད་མཚམས་གཉིས་པོ་དེ་ལ་སྒྲ་གཅན་གྱི་གདོང་དང་མཇུག་ཞེས་པའི་ཐ་སྙད་མཛད་དེ། ཉི་ཟླ་འཛིན་པར་བྱེད་པའི་གཟའ་ཡིན་པར་གསུངས་ཡོད།
གནམ་རིག་པས། གཟའ་སྐར་གཞན་རྣམས་གཡོན་དུ་འགྲོ་བ་དང་འཕྲད་མཚམས་དེ་སྡུད་ཤུགས་ཀྱི་དབང་གིས་གཡས་ཕྱོགས་སུ་རིམ་པར་འགྲོ་བར་བཤད་ཅིང༌། དུས་འཁོར་ནང༌། གཟའ་གཞན་རྣམས་གཡོན་དུ་འགྲོ་བ་དང་གཟའ་སྒྲ་གཅན་གཡས་སུ་འགྲོ་བར་གསུངས་ཡོད། དེ་ཡང་དུས་འཁོར་རྩིས་གཞུང་ལས། སྒྲ་གཅན་རང་འགྲོས་གོ་ལའི་གཞིར། གཡས་སྐོར་ཚུལ་གྱིས་སྤྱོད་པ་སྟེ། དཔེར་ན་རྩ་བའི་སྐར་མར་གསུམ། ཤར་ཚེ་ནམ་གྲུ་ནས་གཡས་སྐོར། ཞེས་གསུང་ཡོད་པ་སོགས་ཉི་ཟླ་གཟའ་འཛིན་ནི་ཉི་ཟླ་སྐར་གསུམ་གྱི་འཁོར་བསྐྱོད་དང་འབྲེལ་བ་ཆགས་ཡོད་པ། དཔལ་དུས་ཀྱི་འཁོར་ལོའི་ནང་ཧ་ཅང་གསལ་པོ་གསུང་ཡོད་ལ། དེང་སྐབས་ཚན་རིག་པས་འགྲེལ་རྒྱག་བཞིན་པ་འདིའང་དངོས་ཡོད་དང་མཐུན་པ་ཞིག་ཡིན།
སྔོན་དུས་ཀྱི་བྲམ་ཟེ་ཁ་ལྕེ་བདེ་པོ་དེ་ཚོས་རིག་བྱེད་གཏམ་རྒྱུད་ནང་ཉི་ཟླ་ལྷ་ཡི་བུ་བུ་མོ་དང༌། དེ་གཉིས་གཟའ་འཇིགས་སུ་རུང་བ་ཞིག་གིས་ཟ་ནས་མི་རྣམས་ཀྱིས་གདུང་བའི་ངུ་འབོད་བྱེད་ནས་སྐྱོབ་མ་ཐུབ་ན། འཇིག་རྟེན་ནང་ལོ་ལེགས་ཕྱུགས་བཟང་མི་ཡོང་བའི་གཏམ་སྨྲས་པའི་ཤུལ་དེ། དེང་སྐབས་ཀྱང་རྒྱ་གར་གྱི་ས་ཁུལ་མང་པོར་ཉི་ཟླ་ལྷ་རུ་འཛིན་ནས་མཆོད་འབུལ་བྱེད་མཁན་ཤིན་ཏུ་མང་ལ། བོད་ཡུལ་དུའང་རྒྱ་གར་གྱི་རིག་གནས་དང་སྲོལ་རྒྱུན་གྱི་ཆོ་ག་སོགས་དར་སྲོལ་ཆེ་བས། ཉི་ཟླ་འཛིན་པའི་སྐབས་ལ་ངུ་འབོད་བྱེད་མཁན་དང༌། ཁྱི་བརྡུང་ནས་སྐད་ངན་སྒྲོག་བཅུག་མཁན། ཁང་སྟེང་དུ་ཧ་ཡང་བརྡུང་པ་སོགས་ཀྱིས་ཡ་མཚར་བའི་ལུགས་སྲོལ་མང་པོ་ཡོད། དོན་དངོས་སུ་ང་ཚོས་རང་གི་རིག་པའི་གཞུང་ལུགས་ནང་གསུང་ཡོད་པ་དེར་དཔྱད་ཞིབ་དང་སློབ་སྦྱོང་བྱེད་ཐུབ་ན། ཚན་རིག་གིས་བཤད་པར་དེ་ཙམ་རྒྱུས་མངའ་མེད་རུང༌། འཇིག་རྟེན་ཆགས་འཇིག་གི་གནས་ལུགས་ལ་འགྲེལ་ལོག་བརྒྱབ་པའི་དོགས་པ་དེ་ཙམ་བྱེད་མི་དགོས་སོ།།