གཉན་ནད་རེག་དུག་སྨན་བཅོས་མཐུན་འགྱུར་གྱི་གསལ་བསྒྲགས།

༡་    གཉན་ནད་རེག་དུག་ནད་རྟགས་ཐོན་རིགས་ལ་ལམ་སེང་སྨན་བཅོས་འགོ་འཛུགས་དགོས་པར་ས་གནས་འགོ་འཛིན་དང་སྨན་ཁང་འགན་འཛིན་ནས་སྔ་འཕྲོས་བཀའ་འཁྲོལ་བསྩལ་ཏེ་འཕྲོད་བསྟེན་ལས་ཁུངས་སུ་བཀའ་འཁྲོལ་སྙན་ཞུ་ངེས་པར་འབུལ་དགོས། སྨན་བཅོས་འགྲོ་གྲོན་ཐད་ལམ་སྟོན་རྩ་འཛིན་འདིར་འགྱུར་བ་མ་བྱུང་བར་སྨན་གྲོན་ཆ་ཚང་འཕྲོད་བསྟེན་ལས་ཁུངས་སམ་ས་གནས་སྨན་ཁང་གང་རུང་ནས་ཐོབ་རྒྱུ།
༢་    གསང་བ་དམ་པོ་གནས་དགོས་པའི་ཆ་ནས་སྨན་བཅོས་བྱས་པའི་སོང་འཛིན་ངོ་མར་ནད་པའི་མིང་བཀོད་བདེ་མེད་རིགས་ནས་ནད་པའི་གསང་རྟགས་ཨང་གྲངས་ (Code No.) བཀོད་འཐུས་ཀྱང༌། དེ་དག་ལ་ས་གནས་འགོ་འཛིན་ནམ་སྨན་ཁང་འགན་འཛིན་གང་རུང་ནས་དག་མཆན་ཁ་གསལ་ངེས་པར་བཀོད་དགོས།
༣་    ནད་གཞི་ཛ་དྲག་ཏུ་གྱུར་ཏེ་སྨན་ཁང་ཆེ་སར་བསྐྱོད་དགོས་དང་སྨན་ཁང་དུ་ཉལ་དགོས་རིགས་ལ་སྨན་པའམ། ས་གནས་སྨན་ཁང་ནས་ནད་གཡོག་འཁྲིད་དགོས་པའི་ལམ་སྟོན་ངོས་འབྱོར་ཡོད་ཚེ་ནད་གཡོག་གཅིག་འཁྲིད་འཐུས་ཆོག་རྒྱུ།
༤་    ནད་པ་དང༌། ནད་གཡོག་གཉིས་ལ་ཉིན་རེར་ལྟོ་དོད་མི་རེར་སྒོར།  ༡༨༠།༠༠
༥་    སྨན་ཁང་ཕྱི་ལོགས་སུ་སྡོད་ཁང་གླ་དགོས་བྱུང་ཚེ་ནད་པ་དང་ནད་གཡོག་གཉིས་མཉམ་སྡོད་བྱས་ན་ཉིན་རེར་ཁང་གླ་མཐོ་ཚད་སྒོར།  ༥༠༠།༠༠  བྱུང་འཛིན་ངེས་པར་དགོས་རྒྱུ།
༦་    ནད་པ་གཅིག་པུ་ཡིན་ཚེ་ཉིན་རེར་ཁང་གླ་མཐོ་ཚད་སྒོར།  ༣༠༠།༠༠  བྱུང་འཛིན་ངེས་པར་དགོས་རྒྱུ།
༧་    ནད་རོགས་འཕྲོད་ལས་པ་ཡིན་ཚེ་ལས་བྱེད་བླང་དོར་སྒྲིག་གཞིར་ཇི་གསལ་ལྟར་ཐོབ་རྒྱུ།
༨་    འགྲིམ་འགྲུལ་སྐབས་མེ་འཁོར་གྲང་གློག་ཅན་(AC 1st class and AC 2nd )  དང་ (Taxi.) གླ་འཁོར་ནང་བསྐྱོད་མི་ཆོག་ཅིང༌། དེ་མིན་གྱི་འགྲིམ་འགྲུལ་སོང་འཛིན་ངོ་མ་རྩིས་འགྲོ་འཕེར་རིགས་རྩིས་ཞུ་ཆོག་ཀྱང་སོང་འཛིན་ངོ་བཤུས་དང་ཤོག་བུ་དཀྱུས་མའི་སྟེང་འགེངས་འབུལ་ཞུས་རིགས་ངོས་ལེན་གནང་ཐབས་མེད། སྨན་བཅོས་དང་བརྟག་དཔྱད་ཆེད་ཉེ་འཁོར་ལམ་གྲོན་ཡང་རྩིས་ཞུ་ཆོག་རྒྱུ།
༩་ ནད་གཞི་ཚབས་ཆེའི་རྐྱེན་པས་སྨན་གཏུགས་ཆེད་གླ་འཁོར་(Taxi.) ནང་མི་བསྐྱོད་ཐབས་མེད་རིགས་ལ་དམིགས་བསལ་དགོངས་བཞེས་ཡོང་རྒྱུ་ཡིན་ཡང་སྨན་པའི་ངོས་སྦྱོར་ཁ་གསལ་ངེས་པར་དགོས་རྒྱུ། གོང་གསལ་མཐུན་འགྱུར་ཞུ་དགོས་རིགས་ནས་ས་གནས་སོ་སོའི་འཕྲོད་བསྟེན་སྨན་ཁང་འགན་འཛིན་དང༌། ཡང་ན། ས་གནས་འགོ་འཛིན་བརྒྱུད་ཞུ་འཐུས་ཆོག་རྒྱུ་དང༌། གལ་ཏེ་རྒྱ་གར་ས་གནས་གཞུང་གི་སྨན་ཁང་ (district hospitals) དུ་སྨན་གཏུགས་བྱས་ཚེ་སྨན་བཅོས་ (Anti Retroviral Treatment) རིན་མེད་ཐོབ་ཀྱི་ཡོད་པ་བཅས་ཀྱི་གསལ་བསྒྲགས་སུ།  བོད་གཞུང་འཕྲོད་བསྟེན་ལས་ཁུངས་ནས། ཕྱི་ལོ་ ༠༩ ཟླ་ ༧ ཚེས་ ༢༧ ལ།།