དངངས་འཚབ་འོག་གི་པེ་ཅིང་གཞུང།
བཟོ་གྲྭ་རེ་ཟུང་གི་འགན་ཁུར་མི་སྣའང་མི་མང་གིས་རུབ་རྡུང་བརྒྱབ་ནས་དམར་གསོད་བཏང་ཡོད། དེ་བཞིན་ཉེན་རྟོག་མི་སྣར་ཉེས་རྡུང་བཏང་བ་སོགས་རྙོག་གླེང་གི་ལས་འགུལ་གང་མང་ཞིག་གཏན་ནས་མཚམས་ཆད་མེད་ཀྱང། བོད་དང་ཤིན་ཅང་ལྟ་བུའི་དྲག་གནོན་བྱེད་བཞིན་མེད། འོན་ཀྱང་རྙོག་ཟིང་དེ་དག་གིས་པེ་ཅིང་གཞུང་སེམས་ཁུར་ཆེན་པོ་ཞིག་གི་འོག་ལྷུང་ཡོད་པ་དང། ལྷག་པར་དུ་ཕྱི་ལོ་༢༠༠༨ ལོའི་བོད་ས་སྟོད་སྨད་བར་གསུམ་ནས་ངོ་རྒོལ་གྱི་ལས་འགུལ་ཤུགས་ཆེ་སྤེལ་བ་དང། རྒྱ་གཞུང་གིས་སྒོ་གང་ས་ནས་དྲག་གནོན་དང་དམར་གསོད་ཀྱིས་ལས་འགུལ་སྤེལ་ཡོད་མོད། ད་ལྟའི་ཆར་ཡང་ཆེ་ཆུང་ལ་མ་ལྟོས་པར་བོད་ནང་དུ་ལས་འགུལ་གྱི་རྒྱུན་མ་ཆད་པར་གནས་ཡོད། ཉེ་བའི་ཆར་ཤིན་ཅང་ཡུ་གུར་མི་རིགས་ཀྱིས་རང་དབང་སྒེར་ལངས་ཀྱི་ལས་འགུལ་སྤེལ་བ་དང། རྒྱ་ནག་གཞུང་གིས་དྲག་གནོན་ཚབས་ཆེན་བྱས་ཡོད་པ་མ་ཟད། རྒྱ་རིགས་མི་མང་ལའང་ངར་ཤ་བསླངས་ནས་ཤིན་ཅང་མི་མང་ལ་རྒོལ་རྡུང་དྲག་པོ་གཏོང་བཅུག་ཡོད་པ་རེད། གནད་དོན་འདི་དག་གི་ཕྱོགས་ངོས་ཡོངས་ནས་བལྟས་ན་རྒྱ་ནག་ནང་ཁུལ་གྱི་ངོ་རྒོལ་ཁག་ནི་མི་མང་ནང་ཁུལ་གྱི་འགལ་བ་ཙམ་དུ་ངོས་འཛིན་བྱེད་བཞིན་ཡོད་པ་དང། བོད་དང་ཤིན་ཅང་གི་གནད་དོན་ནི་དགྲ་དང་གཉེན་གྱི་འགལ་ཟླའི་ཐོག་ནས་དྲག་གནོན་བྱེད་བཞིན་ཡོད་པ་རེད། རྒྱ་ནག་མི་མང་གི་ངོས་ནས་ཀྱང་ཐོབ་ཐང་དང། རང་དབང་གི་ཆེད་དུ་ངོ་རྒོལ་བྱེད་བཞིན་པ་དང། བོད་དང་ཤིན་ཅང་གི་ངོས་ནས་ཀྱང་གོང་དུ་གསལ་བ་བཞིན་ཐོབ་ཐང་དང་རང་དབང་གི་ཆེད་དུ་ངོལ་རྒོལ་བྱེད་བཞིན་ཡོད་པ་རེད། མི་འདྲ་ས་ཅུང་ཙམ་ཡོད་པ་དེ་ཆོས་དང་རིག་གནས་སྲུང་སྐྱོབ་བྱེད་རྒྱུར་དཀའ་ངལ་འཕྲད་བཞིན་པ་ནི། བོད་དང་ཤིན་ཅང་མི་མང་གི་དམིགས་བསལ་དཀའ་ངལ་ཞིག་ཏུ་གྱུར་ཡོད། འོན་ཀྱང་རྒྱ་གཞུང་གི་བྱེད་སྟངས་དེའི་ཐོག་ནས་མི་རིགས་དབྱེ་འབྱེད་དང་གྲངས་ཉུང་མི་རིགས་ལ་མནར་གཅོད་གཏོང་བཞིན་པའི་གདོང་རས་ངོ་མ་གསལ་ལྗེན་དུ་མངོན་ཡོད།
རྒྱ་གཞུང་གིས་དུས་རྒྱུན་ཚོར་སྣང་ཆེན་པོའི་ཐོག་དྲིལ་བསྒྲགས་སྣ་ཚོགས་ལ་བརྟེན་ནས་འཛམ་གླིང་མི་མང་ལ་མགོ་སྐོར་གཏོང་ཐབས་བྱེད་བཞིན་ཡོད་པ་དང། འཛམ་གླིང་གི་རྒྱལ་ཁབ་ཁག་ནས་བོད་དང་ཤིན་ཅང་ལྟ་བུའི་གནས་ཚུལ་དོན་དངོས་ཕྲན་བུ་ཞིག་གླེང་ཡང་རྒྱ་གཞུང་གིས་སྐྱོན་བརྗོད་དང་སྡིགས་ར་སྐུལ་བཞིན་ཡོད། དཔེར་ན་ཟླ་འདིའི་ཕྱི་ཚེས་༢༨ ཉིན་རྒྱ་ནག་གི་བརྒྱུད་ལམ་ཁག་ཏུ་འཇར་མན་གྲོས་ཚོགས་ཀྱི་ངོས་ནས་བོད་ཀྱི་གནད་དོན་ལ་ཐེ་བྱུས་བྱས་ཚུལ་དང། “ཏཱ་ལའི་བླ་མ་འཇར་མན་དུ་ཡང་བསྐྱར་འཚམས་འདྲིར་ཡོང་བའི་དུས་ཚོད་སླེབས་ལ་ཉེ་བའི་སྐབས་ལ་ཀྲུང་གོར་ངོ་རྒོལ་བྱེད་པའི་འཇར་མན་གྱི་གྲོས་མི་རྣམས་དགའ་སྤྲོ་ཚད་མེད་སྐྱེ་བཞིན་ཡོད།“ཅེས་དང། “འཇར་མན་གྱིས་སེམས་ལྷོད་ལྷོད་ཀྱིས་“ཤིན་ཅང་རང་བཙན་”དང་“བོད་རང་བཙན”ལ་རྒྱབ་སྐྱོར་བྱེད་པའི་ལོ་རྒྱུས་ལ་གཞིགས་ན། འཇར་མན་གྱི་ཀྲུང་གོར་ངོ་རྒོལ་བྱེད་པའི་སྟོབས་ཤུགས་ཀྱིས་ཁ་བྲལ་སྟོབས་ཤུགས་འདི་གཉིས་ཀྱི་མཉམ་འབྲེལ་གྱི་དགེ་མཚན་ལ་བསམ་པ་ཡིན་སྙམ།“ ཞེས་འཇར་མན་གཞུང་ལ་ཁ་རྡུང་གཏོང་བཞིན་ཡོད་པ་ལྟ་བུ་ནི་རྒྱ་གཞུང་གིས་དུས་རྒྱུན་བྱེད་བཞིན་ཡོད་ལ། ཕྱི་རྒྱལ་གྱི་དཔོན་རིགས་སུ་ཞིག་རྒྱ་ནག་ཏུ་ཕེབས་ཀྱང་རྒྱ་ནག་གཅིག་ཡིན་ཚུལ་དེ་བསྐྱར་བརྗོད་ཡང་བརྗོད་བྱེད་བཅུག་དགོས་པ་རྒྱ་གཞུང་གི་ཆོ་ག་ཕྱག་ལེན་ལྟ་བུར་གྱུར་ཡོད། གོང་གསལ་འདི་དག་གིས་རྒྱ་གཞུང་ལ་དཀའ་ངལ་འཕྲད་བཞིན་པ་དང་གདེང་ཚོད་ཆེན་པོ་གང་ཡང་མེད་པ་མཚོན་ཡོད་ལ། རྒྱ་ནག་བརྟན་ལྷིང་ཡོང་མི་ཐུབ་པའི་གནས་ཚུལ་གང་མང་ཞིག་ཡོང་ངེས་པ་ལྟ་བུའི་གནས་ཚུལ་འོག བོད་དང་ཤིན་ཅང་སོགས་གྲངས་ཉུང་མི་རིགས་རྣམས་ཀྱིས་གོ་སྐབས་འཐུས་ཤོར་དུ་མ་བཏང་ན་རང་དབང་རང་བཙན་གྱི་རྒྱལ་ཁ་འཐོབ་མི་སྲིད་པ་ཞིག་གཏན་ནས་མིན།།