རྒྱ་བོད་མི་མང་མཐུན་འབྲེལ་ཡོང་ཐབས་བྱེད་དགོས།

    ཟླ་འདིའི་ཚེས་༦ ཉིན་སུད་སི་ཇཱི་ནེ་ཝ་གྲོང་ཁྱེར་ནང་རྒྱ་བོད་ལྷན་ཚོགས་ཤིག་འཚོགས་ཡོད་པ་དང། སྐབས་དེར་བཀའ་བློན་ཁྲི་པ་ཟམ་གདོང་རིན་པོ་ཆེ་མཆོག་གིས་བརྒྱ་བོད་ལྷན་ཚོགས་དེའི་དམིགས་ཡུལ་སྐོར་བོད་མི་ཚོར་ངོ་སྤྲོད་གནང་དོན། “བོད་རྒྱ་གཉིས་མཉམ་དུ་སྡོད་དགོས་པ་ཞིག་ཡིན་པས། མི་རིགས་གཉིས་བར་འཁོན་འཛིན་བྱུང་བ་ཡིན་ན། དེས་ཧ་ཅང་གི་གནས་ཚུལ་ཐབས་སྡུག་ཅིག་ཡོང་རྒྱུ་རེད། སྔར་ལོར་ཨོ་ལིམ་པིག་རྩེདའགྲན་སྐབས་གནས་ཚུལ་བྱུང་བ་དེ་ཚོ་དང། ལྷག་པར་དུ་ཕྱི་ཟླ་༣ ནས་བོད་ཀྱི་ས་ཁྱོན་ཡོངས་ལ་ཞི་བའི་ངོ་རྒོལ་བྱུང་བ་དེ་ཚོ་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱིས་ཆེད་མངགས་ཀྱིས་ལོག་པའི་དྲིལ་བསྒྲགས་བྱས་ཏེ། མི་རིགས་གཉིས་ཀྱི་བར་ལ་འཁོན་འཛིན་ཡོང་ཐབས་ཀྱི་ས་བོན་འདེབས་གང་ཐུབ་བྱས་ཡོད་པ་དང། དེས་དབང་གིས་ཕྲན་བུ་གོ་ནོར་ཐེབས་མཁན་ཡང་བྱུང་ཡོད་པ་རེད། དེའི་རིགས་ངེས་པར་དུ་སངས་དགོས་པ་དང། མ་འོངས་པར་བོད་ཀྱི་དཀའ་རྙོག་དེ་རྒྱ་ནག་དང་མཉམ་དུ་སྐད་ཆ་བཤད་ནས་སངས་དགོས་པ་ཞིག་རེད། རྒྱ་ནག་གི་ཆབ་སྲིད་ཀྱི་འགྱུར་འགྲོས་དེ་མ་འོངས་པར་རྒྱ་ནག་མི་མང་གི་བསམ་ཚུལ་དང་བསྟུན་ནས་འགྲོ་དགོས་པ་ལས། མི་མང་གི་བསམ་ཚུལ་དང་མ་བསྟུན་ནས་འགྲོ་རྒྱུ་ཁག་པོ་རེད། ད་ལྟ་ཡོད་བཞིན་པའི་ཆབ་སྲིད་ཀྱི་འགོ་ཁྲིད་དེ་ཚོར་བོད་ཀྱི་དཀའ་རྙོག་སེལ་རྒྱུའི་ཆབ་སྲིད་ཀྱི་ཆོད་སེམས་ཤིག་མེད་པ་གསལ་པོ་ཞེ་དྲག་རེད། རེ་བ་ཆུང་ཆུང་རེད། ྋསྐྱབས་མགོན་རིན་པོ་ཆེས་རེ་བ་ཆུང་དུ་འགྲོ་ཡི་འདུག་གསུངས་ཡོད་པ་རེད། གང་ལྟར་ང་ཚོས་རྒྱ་ནག་མཉམ་པོར་འབྲེལ་བྱེད་དགོས་པའི་སྐབས། རྒྱ་ནག་མི་མང་དང་མཉམ་དུ་འབྲེལ་ལམ་ཡག་པོ་ཞིག་མ་བྱུང་ཐབས་མེད་ཡིན་པས། མང་ཚོགས་ཀྱི་ནང་ལོག་པའི་དྲིལ་བསྒྲགས་ཀྱི་ནུས་པ་མི་ཐོན་པ་དང། ཁོང་ཚོར་ང་ཚོའི་བོད་ཀྱི་གནས་བབས་ཐོག་བསམ་ཚུལ་སྡུག་པོ་མི་ཆགས་རྒྱུའི་ཐབས་ཤེས་ཡོད་རྒུ་རྩལ་སྤྲུག་བྱེད་དགོས་པ་ཞིག་རེད་”ཅེས་གསུངས་ཡོད་པ་རེད།
    ཁོང་གིས་མུ་མཐུད་གསུང་དོན། “ད་ལྟ་ཕན་ཆད་ལ་རྒྱ་ནག་ནང་རྒྱ་ནག་གཞུང་གིས་དྲིལ་བསྒྲགས་ཀྱི་བརྒྱུད་ལམ་རྐྱང་པ་མ་གཏོགས། བོད་ཀྱི་གནས་ཚུལ་ཤེས་རྒྱུའི་ཐབས་ལམ་ཡོད་པ་མ་རེད། བོད་ཀྱི་བདེན་དོན་དེ་རྒྱ་མི་མང་གིས་ཤེས་རྒྱུའི་ཐབས་ཤེས་བྱེད་དགོས་པ་ཧ་ཅང་གི་གལ་ཆེན་པོ་ཞིག་རེད། དེ་ཚོའི་ཐོག་བོད་རིགས་ནང་ལ་གནོད་སྐྱོན་གཏོང་རྒྱུ་དཀའ་ངལ་བཟོ་རྒྱུ་དེ་འདྲ་ཡོང་སྡོད་ཀྱི་ཡོད་པ་རེད། དེར་བརྟེན། ྋསྐྱབས་མགོན་རིན་པོ་ཆེས་བཀའ་གནང་བ་ནང་བཞིན་མ་འོངས་པར་ཕྱི་རྒྱལ་ལ་ཡོད་པའི་བོད་རིགས་ཚོས་རང་རང་སོ་སོའི་ས་ཁུལ་གྱི་ནང་དུ་རྒྱ་མི་རིགས་དང་མཉམ་དུ་འབྲེལ་ལམ་དང་མཐུན་ལམ་གོང་འཕེལ་གཏོང་བ་དང། དེ་ལ་བརྟེན་ནས་ཁོང་ཚོའི་བསམ་བློའི་ནང་བོད་ཀྱི་བདེན་དོན་གྱི་གནས་ཚུལ་དེ་བླུགས་ཐུབ་པ་བྱེད་དགོས་པ་གལ་ཆེན་པོ་ཞེ་དྲག་ཆགས་ཀྱི་འདུག དེ་རིང་རྒྱ་བོད་མང་ཚོགས་བར་གྱི་ཚོགས་འདུ་གཞི་རྒྱ་ཆེ་བ་ཞིག་སུད་སིའི་ནང་དུ་འཚོགས་པ་དང། སུད་བོད་མཛའ་འབྲེལ་ཚོགས་པས་ཐུགས་འགན་བཞེས་ཀྱི་ཡོད་པ་རེད་ལ། རྒྱ་སྤྱིའི་མཐུན་འབྲེལ་གྱི་ཚོགས་པ་ཆེན་པོ་དེས་མཉམ་དུ་ཐུགས་འགན་བཞེས་ཀྱི་ཡོད་པ་རེད། བོད་རྒྱ་མི་རིགས་གཉིས་བར་དུ་འབྲེལ་ལམ་ཡོང་རྒྱུའི་ལས་རིམ་མང་པོ་ཞིག་སྤེལ་གྱི་ཡོད་པའི་ནང་ནས། ཚོགས་འདུ་འདི་འདྲ་ཆེན་པོ་བསྐོངས་པ་དང་པོ་རེད། དེ་སུད་སི་ལ་བསྐོངས་པ་དེ། ཕྱོགས་གཅིག་ནས་སུད་སི་དེ་བར་གནས་ཀྱི་རྒྱལ་ཁབ་གྲགས་ཅན་ཞིག་ཡིན་པ་དང། ཕྱོགས་གཞན་ཞིག་ནས་བོད་རིགས་མང་པོ་འདིར་ཡོད་པས། དེས་ཡང་ཕན་ནུས་ཤིག་འབྱུང་གི་རེད་དྲན་ནས་སུད་སི་ཇཱི་ནེ་ཝ་རུ་འཚོགས་དགོས་པའི་རྒྱུ་མཚན་དེ་འདྲ་ཡིན། ནུབ་ཕྱོགས་སུ་ཡོད་པའི་བོད་རིགས་ཚོས་དེར་ཐུགས་སྣང་ཆེན་པོ་གནང་དགོས་ཀྱི་འདུག་”ཅེས་བོད་རྒྱ་མི་མང་བར་མཐུན་ལམ་ཡོང་ཐབས་སྐོར་ལ་གསུང་བཤད་གནང་ཡོད་པ་རེད།།