བསམ་ཕྱོགས་མི་གཅིག་ཀྱང་། གཅིག་རྒྱབ་གཅིག་གིས་གནོན་རོགས།
ཤེས་ཡོན་པའི་ཚོ་ཁག་དེ་དག་ཐད་ཀར་གདོང་དུ་འབུད་དེ་ངེད་ཅག་གིས་མི་དེ་དག་ལ་ཉེས་པ་ཅི་ཞིག་ཡོད་ཟེར་ནས་ཁྲིམས་རྩོད་བྱེད་དབང་མེད་པ་དང་བྱེད་ས་མེད་པར་ཡོད་པའི་དབང་དུ་བཏང་ན་ཡང་གོ་མེད་ཚོར་མེད་དུ་མུན་དོང་དུ་ཉེས་མེད་ཀྱི་མཁའ་དབུགས་རྔུབ་མཁན་ཞིག་ཆགས་རྒྱུ་ཡིན་པ་གདོན་མི་ཟ་བ་ཉིད་ཀྱིས་ཤེས་གསལ་རེད་ལགས། དོན་དངོས་སུ་ད་ལྟ་བོད་ནང་གི་བོད་མི་ཤེས་ཡོན་ཅན་གྱི་སྡེ་ཁག་ལ་དཀའ་ངལ་ཆེ་ཤོས་ཤིག་ཡོད་པ་ནི། དྲང་བདེན་ཡོད་ཀྱང་བཤད་ས་མེད་པ་དང་གནས་ལུགས་ཡོད་ཀྱང་ཞུ་ས་མེད་པའི་གནས་སྟངས་འདིས་འོག་ནས་ཕན་ཚུན་ལ་ལེ་བདའ་བྱེད་རྒྱུ་དེ་ནི་མ་ཡིན་པར། རྗེས་ཕྱོགས་ངེད་ཅག་གི་མིག་མདུན་གྱི་ཤེས་ཡོན་པ་དག་ལ་ཇི་ལྟར་གསོ་སྐྱོང་དང་འགེབ་སྲུང་བྱེད་རྒྱུའི་ལམ་ཁ་ཡོད་མེད་དེ་ལ་བསམ་གཞིགས་བྱེད་རྒྱུ་དང་ཇི་ལྟར་བྱས་དེ་བོད་ནང་གི་བོད་མི་ཤེས་ཡོན་པ་དག་གིས་འཚོ་གནས་ལ་གོད་ཆག་མི་ཡོང་བ་དེའི་ཐད་དུ་ཤེས་ཡོན་པ་དག་གིས་གཅིག་རྒྱབ་གཅིག་ལངས་ཀྱིས་རམ་འདེགས་བྱེད་རྒྱུ་དེ་ཡིན། བོད་ཁུལ་ནས་བོད་མི་ལ་བོད་མིས་མཐོང་ཆེན་བྱེད་རྒྱུ་དེ་ཡིན། ཁོས་ཤེས་དང་ངས་ཤེས་ཟེར་ནས་ནང་ཁུལ་ཏུ་འགྲན་རྩོད་མི་བྱེད་རྒྱུ་དང་རྒྱའི་ཁྲིམས་ལུགས་ས་གནས་ས་ཁུལ་ཏུ་གཏན་འབེབས་བྱེད་བཞིན་པ་དེ་དག་ལ་རྒྱུས་ལོན་ཟབ་མོ་བྱེད་རྒྱུ་དེ་ནི་ཁ་ཚ་དགོས་གཏུགས་ཤིག་ཡིན་པར་འདོད་ལགས། དེ་མིན་མང་བོ་ཞིག་ཞུ་རྒྱུ་འདུག་ཀྱང་། གནས་སྐབས་འདིར་བཤད་ན་མཚམས་མིན་མི་ཤེས་སྟབས། རེ་ཞིག་མཇུག་བསྡུས་པ་ཡིན། བོད། ཤ་ཁྲག་རུས་གསུམ་གྱིས་ཕྱི་ནས་བོད་ནང་སྤུན་ཟླ་དག་ལ་འབོད་སྐུལ་ཞུས་པ་ཡིན།